༉ འཕྲལ་ཁམས་ཅིག་ཁར་ མོང་སྒར་ན་རང་རྒེད་འོག་ནང་ ཚོགས་པ་ཅིག་གིས་ ཆང་འགྲངས་མི་ ཕོ་སྐྱེས་ཅིག་ལུ་ བརྡུང་རྫོབ་ཐོག་ དཔྱལཝ་གུ་རྨ་བཏོན་ཁྲག་བཏོན་འབད་མི་ལུ་བརྟེན་ ཉམས་རྒུད་པ་ལུ་ རྒུད་འཐུས་དངུལ་ཀྲམ་༡༥,༠༠༠ སྤྲོད་དགོཔ་བྱུང་ནུག།
བྱུང་རྐྱེན་དེ་ཡང་ སྤྱི་ཟླ་༨ པའི་ཚེས་༡༡ ལུ་ ན་རང་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ སློབ་དཔོན་དང་ ཕམ་ཚུ་གི་བར་ན་ ཞལ་འཛོམས་ཅིག་འཚོགསཔ་ད་ ཉམས་རྒུདཔ་གིས་ ཚོགས་པ་ལུ་ ཧད་བཏགས་འཚོལ་བའི་ཤུལ་ལས་ བྱུང་ཡོདཔ་ཨིན་པས།
ཞལ་འཛོམས་དེ་ནང་ སློབ་དཔོན་ཚུ་གིས་ སློབ་ཕྲུག་གི་ ཕམ་ཚུ་ལུ་ ཞུ་ནི་གི་ གོ་སྐབས་བྱིནམ་ད་ ཁ་ལོང་སྤྱི་འོག་ལས་ སྐྱེས་ལོ་༤༩ ལང་མི་ ཉམས་རྒུདཔ་འགྱུར་མེད་ཀྱིས་ ཡང་བསྐྱར་དུ་ ཡར་ལོང་སྟེ་ དོན་མེད་ཀྱི་ གནད་དོན་ཚུ་ཞུཝ་ལས་ ཆང་འགྲངས་ཡོདཔ་ ཤེས་རྟོགས་བྱུང་སྟེ་ ཕྱི་ཁར་ཐོན་འགྱོ་དགོཔ་སྦེ་སླབ་རུང་ ཉན་མ་བཏུབ་མི་དེ་གིས་ ཁ་ལོང་ཚོགས་པ་ སངས་རྒྱས་རིག་འཛིན་ལུ་སླབ་སྟེ་ ཚོགས་པ་གཞན་ཚུ་གིས་སྦེ་ ཕྱི་ཁར་ཁྱིད་སོང་ཡི་ཟེར་ སློབ་དཔོན་ཀརྨ་རྡོ་རྗེ་གིས་ བཤདཔ་ཨིན་པས།
འགྱུར་མེད་ཀྱིས་འབད་བ་ཅིན་ ཕྱི་ཁར་ལྷོདཔ་ད་ ཁ་ལོང་ཚོགས་པ་གིས་ ཁོ་ལུ་ བརྡུང་རྫོབ་འབད་ཡི་ཟེར་ཨིན་པས།
ཚོགས་པ་སངས་རྒྱས་རིག་འཛིན་གྱིས་ སླབ་མིའི་ནང་ ཞལ་འཛོམས་མཇུག་བསྡུ་སྟེ་ ཉིན་མའི་ལྟོ་ཟ་སྡོད་པའི་སྐབས་ འགྱུར་མེད་ཀྱིས་ ཧད་བཏགས་འཚོལ་བར་ ཁོ་སྡོད་སར་ འོང་ཡོདཔ་ལས་ ཟུར་ཐབས་འབད་ནི་གི་ དཔའ་བཅམ་ཡོད་རུང་ ཉམས་རྒུད་པ་གིས་ རྟིང་བདའ་འོང་སྟེ་ ཁོ་ལུ་ མཛོག་ཕོག་ཅིག་ བླུགས་བྱིནམ་ད་ ཁོ་གིས་ཡང་ འགྱུར་མེད་ལུ་ མཛོག་ཕོག་ཅིག་ བླུགས་བྱིན་ཡི་ཟེར་ཨིན་པས།
འགྱུར་མེད་ཀྱིས་འབད་བ་ཅིན་ ཚོགས་པ་གིས་ ཁོ་ལུ་ མི་འཛོམས་སའི་སྦུག་ལུ་ བརྡུང་རྫོབ་འབད་ཡོདཔ་ལས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་མ་ཚད་ གཞི་རྟེན་སྨན་ཁང་ནང་སོང་སྟེ་ ཁོ་རའི་དཔྱལཝ་གུ་ རྨ་བཏོན་མི་དེ་ བཙེམས་ཐོག་ལས་ སྨན་བཅོས་འབད་ཡི་ཟེར་ཨིན་པས།
མ་གཞི་ ཁྲིམས་ཀྱི་འདུན་སར་སོང་སྟེ་ རྩོད་བཤེར་འབད་དགོཔ་ཨིན་རུང་ ཁོ་རའི་གེ་ཟ་ཞིང་ ཉི་ནུབ་མེད་པར་ རི་དྭགས་སེམས་ཅན་ཚུ་ལས་ བསྲུང་སྡོད་མི་ མེདཔ་མ་ཚད་ བཟའ་ཚང་འཚོ་སྐྱོང་འཐབ་ནི་གི་ འཐོན་ཁུངས་གཞན་མེདཔ་ལས་ ཁྲིམས་སྲུང་འགག་པ་དང་ ན་རང་རྒཔོ་གི་གདོང་ཁར་ ཚོགས་པ་དང་གཅིག་ཁར་ ནང་འགྲིགས་འབད་ དགོཔ་བྱུང་ཡི་ཟེར་ འགྱུར་མེད་ཀྱིས་ བཤདཔ་ཨིན་པས།
ཚོགས་པ་གིས་ཡང་ རྩོད་བཤེར་འབད་ནི་གི་ མནོ་བསམ་བཏང་ཡོད་རུང་ གཏམ་བ་རྨ་བདེན།རྨ་བ་རོ་བདེན།ཟེར་ སླབ་སྲོལ་ཡོད་མི་དང་བསྟུན་ ནང་འགྲིགས་འབད་ཐོག་ལས་ འགྱུར་མེད་ལུ་ གསོ་སྨན་གྱི་འཐུས་ དངུལ་ཀྲམ་༡༥༠༠ སྤྲོད་ཅི་ཟེར་ བཤདཔ་ཨིན་པས།
གཡུས་མི་ཚུ་གིས་འབད་བ་ཅིན་ འགྱུར་མེད་དེ་ མི་སེར་ཉམ་ཆུང་ཅིག་ཨིན་རུང་ ཆང་འགྲངས་པའི་སྐབས་ ཧད་བཏགས་འཚོལ་ནི་ཡོད་ཟེར་ཨིན་པས།
ན་རང་རྒཔོ་ རྟ་མགྲིན་དབང་ཕྱུག་གིས་ ཆང་དང་འབྲེལ་བའི་ དཀའ་ངལ་མར་ཕབ་འབད་ཐབས་ལུ་ ས་གནས་གཞུང་གི་ཚོགས་ཐེངས་༢ ལས་༤ ཚུན་ ཆང་འཐུང་མ་ཆོག་པའི་ སྒྲིག་གཞི་དང་ ཉེས་ཆད་ཚུ་ གཅིག་མཚུངས་བཟོ་དགོ་པའི་ གྲོས་གཞི་བཙུགས་ཏེ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
ན་རང་ལས་ བཀྲིས་ཕུན་ཚོགས།