༉ མོང་སྒར་ ན་རང་སྤྱི་འོག་གི་ཚོགས་པ་ སྐྱེས་ལོ་༣༥ ལང་མི་ བཀའ་འགྱུར་ཚེ་རིང་གིས་ ཚོགས་པའི་འགན་ཁུར་འབག་སྟེ་ ཕྱག་ཞུ་དོ་ཡོདཔ་མ་ཚད་ སྤྱི་འོག་ ༤ ནང་ གཤིན་པོའི་དོན་ལུ་ མོ་བཏབ་རྩིས་བཏབ་ཀྱི་ལཱ་ཚུ་ཡང་ འབད་དོ་ཡོདཔ་ཨིན་པས།
ཚོགས་པ་བཀའ་འགྱུར་ཚེ་རིང་གིས་ སྤྱི་འོག་༢༠༡༦ ལུ་ ས་གནས་གཞུང་ཐེངས་༢ པའི་ནང་ ན་རང་སྤྱི་འོག་ལས་ ཚོགས་པའི་གོ་གནས་དོན་ལུ་ འདེམས་ངོ་གཞན་ཚུ་དང་ དོ་འགྲན་འབདཝ་ད་ ཚོགས་རྒྱན་མཐོ་ཤོས་ཐོབ་སྟེ་ བཙག་འཐུ་གྲུབ་ནུག།
ཁོ་གིས་ ཚོགས་པ་སྦེ་ མི་སེར་དང་ རྒེད་འོག་བདག་སྐྱོང་ དེ་ལས་ རྫོང་ཁག་བདག་སྐྱོང་ལུ་ ཕྱག་ཞུཝ་མ་ཚད་ སྒོམ་ཆུ་སྤྱི་འོག་དང་ ཁྲི་སྣང་ཕུང་སྤྱི་འོག་ སྤང་བཀང་ དེ་ལས་ ན་རང་སྤྱི་འོག་༤ གི་ གུང་པ་༡༩༠ ལྷགཔ་ཅིག་ལུ་ རྐྱེན་ཤི་རེ་བྱུང་པའི་སྐབས་ གཤིན་པོའི་དོན་ལུ་ མོ་བཏབ་རྩིས་བཏབ་དང་ རིམ་གྲོའི་དོན་ལུ་ ཕ་ཇོའི་འགན་ཁུར་འབག་དོ་ཨིན་པས།
ཨ་ལོ་༢ ཀྱི་ཨ་པ་ཨིན་མི་ ཚོགས་པ་བཀའ་འགྱུར་ཚེ་རིང་གིས་ སླབ་མིའི་ནང་ ཚོགས་པའི་འགན་ཁུར་ འབག་སྟེ་ལོ་ལངམ་ད་ སྤྱི་འོག་༤ གི་དོན་ལུ་ ཕ་ཇོ་སྦེ་ འགན་ཁུར་འབག་མི་སྐོར་རྒྱབ་ མཇུག་བསྡུ་ཡོདཔ་བཞིན་དུ་ ཕ་ཇོ་འབད་མི་མེདཔ་ལས་ མི་སེར་གྱི་མཐའ་དོན་ལུ་ ཁོ་ར་ ཕ་ཇོ་གི་འགན་ཁུར་ ཐེབས་འབག་དགོཔ་བྱུང་ཡི་ཟེར་ཨིན་པས།
ཚོགས་པ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ འགན་ཁུར་༢ འབག་སྟེ་ ཞབས་ཏོག་ཕུལ་བའི་སྐབས་ གདོང་ལེན་ ག་ནི་ཡང་ མ་འཐོན་ཟེར་ཨིནམ་ད་ དེ་ཡང་རེ་ཚེ་སྐབས་ བདུན་ཕྲག་ནང་ ཤི་རྐྱེན་བྱུང་མི་དང་ རེ་ཚེ་སྐབས་ ཟླཝ་༢ ལང་རུང་ རྐྱེན་ངན་མི་འཐོན་དོ་ཡོདཔ་ལས་ རྒེད་འོག་དང་ སྤྱི་འོག་འཛོམས་འདུ་ དེ་ལས་ རྫོང་ཁག་དང་ ལྷན་ཁག་ལས་ འགོ་དཔོན་ཚུ་བྱོནམ་ད་ འཆར་གཞི་གོང་འཕེལ་གྱི་ལཱ་ཚུ་ནང་ ཕྱག་ཞུ་དོ་ཟེར་ཨིན་པས།
གཡུས་མི་ཅིག་ཨིན་མི་ བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ སྤྱི་འོག་༤ གི་མི་སེར་ཚུ་གིས་ གྲོས་འཛོམས་འཚོགས་ཏེ་ སེམས་མཐུན་གྱི་ཐོག་ལས་ ན་རང་སྤྱི་འོག་ཚོགས་པ་ བཀའ་འགྱུར་ཚེ་རིང་ལུ་ ཕ་ཇོ་གི་འགན་ཁུར་བཀལ་མི་དེ་ རྩིས་ཀྱི་སློབ་སྦྱོང་འབད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ལྷག་པར་དུ་ སྤྱི་འོག་ཚུ་ནང་ ཕ་ཇོ་གི་རྩིས་དང་ སློབ་སྦྱོང་འབད་མི་མེདཔ་མ་ཚད་ ཡོད་མི་ཚུ་ རྒན་རྒས་ཐལ་མི་ལུ་བརྟེན་ཨིན་ཟེར་ བསོད་ནམས་རྒྱ་མཚོ་གིས་ སླབ་ཨིན་པས།
སྒོམ་ཆུ་ཚོགས་པ་ སངས་རྒྱས་བཀྲིས་ཀྱིས་ སླབ་མིའི་ནང་ སྤྱི་འོག་༤ ནང་ ཕ་ཇོ་འབད་ནིའི་སྲོལ་དེ་ སྔོན་དང་ཕུ་ལས་ཡོད་ནི་དེ་གིས་ ཕ་ཇོ་ཅིག་ དགོངས་ཞུ་འབདཝ་ད་ རྩིས་ཤེས་མི་ དགེ་སློང་དང་ སྒོམ་ཆེན་ ཡང་ཅིན་ མི་གནགཔ་ཚུ་ བསྐོས་བཞགཔ་ཨིན་ཟེར་ཨིན་པས།
ན་རང་རྒཔོ་ རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ ཚོགས་པ་བཀའ་འགྱུར་ཚེ་རིང་གིས་ ཕ་ཇོ་གི་ འགན་འཁྲི་འབག་སྟེ་ མི་སེར་ལུ་ ཞབས་ཏོག་ཞུ་རུང་ ད་ལྟོ་ཚུན་ ཡིག་ཚང་དང་འབྲེལ་བའི་ལཱ་དང་ ཁོ་རའི་ སྤྱི་འོག་ནང་ འཐུས་མ་ཤོར་ཟེར་ཨིན་པས།
ཨིན་རུང་ མི་སེར་ལ་ལོ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཙག་འཐུའི་བྱ་སྒོའི་ལམ་ལུགས་དང་ ས་གནས་གཞུང་གི་བཅའ་ཁྲིམས་ དེ་ལས་ འབྲུག་གི་རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་རུང་ ཆོས་དང་སྲིད་ཐ་དད་ཨིན་ཟེར་འཁོད་མི་འཁྲིལ་བ་ཅིན་ ཚོགས་པ་ཅིག་གིས་ ཕ་ཇོ་གི་ལཱ་ནང་ བཅའ་མར་གཏོགས་མ་ཆོགཔ་བཟུམ་སྦེ་ མཐོང་ཡི་ཟེར་ཨིན་པས།
མ་གཞི་ཚོགས་པ་གིས་ མི་སེར་ལུ་ ཕན་ཐོགས་བྱུང་རུང་ ཚོགས་པ་གིས་འབད་མི་ལཱ་དེ་ གྲོང་ཆོསཔ་དང་ དགེ་སློང་ མཚམས་པ་ དེ་ལས་ བླམ་དང་སྤྲུལ་སྐུ་ཚུ་གིས་ འབད་མི་ལཱ་བཟུམ་ཅིག་ཨིནམ་མ་ཚད་ བཙག་འཐུ་ནང་ བཅའ་མར་མ་གཏོགས་པའི་ ཧེ་མར་ བཙག་འཐུ་ཡིག་ཚང་ནང་ ཐོ་བཀོད་འབདཝ་ད་ སྒོམ་ཆེན་དང་ དགེ་སློང་ ཨ་ནེམོ་སྦེ་ ཐོ་བཀོད་གྲུབ་མི་ཨིན་པ་ཅིན་ བཅའ་མར་གཏོགས་ནིའི་ གོ་སྐབས་འཐོབ་ནི་མེད་ཟེར་ ཨིན་ པས།
དེ་བཟུམ་སྦེ་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ཡང་ ས་གནས་གཞུང་གི་སྒྲིག་གཞི་དང་ རང་སོའི་གོ་གནས་དང་བསྟུན་ འགན་འཁྲི་འབག་མི་ཚུ་གིས་ཡང་ བྱ་སྒོའི་ལམ་ལུགས་དང་མ་འཁྲིལ་བར་ ལཱ་གཞན་འབད་སྡོད་པ་ཅིན་ འབྲུག་གི་ཁྲིམས་ལུགས་དང་ བཅའ་ཁྲིམས་བཟོ་དགོ་པའི་ དམིགས་དོན་མ་མཇལ་ཟེར་ཨིན་པས།
ལྷག་པར་དུ་ འབྲེལ་བ་ཡོད་པའི་ རྫོང་ཁག་བཙག་འཐུ་ཡིག་ཚང་དང་ རྫོང་ཁག་བདག་སྐྱོང་འགོ་དཔོན་ཚུ་གིས་ ལྟ་རྟོག་དང་ ཞིབ་དཔྱད་མཛད་དེ་ ལཱ་འབད་ནིའི་འགན་ཁུར་ ག་ལུ་ཕོགཔ་ཨིན་ན་ཟེར་ཨིན་པས།
བཙག་འཐུ་ལས་གྲུབ་མི་ མི་ངོམ་ཚུ་གིས་ སྔོན་གོང་ལས་ར་ འཐུས་ཤོར་འབྱུང་པ་ཅིན་ ཁྲིམས་ལུགས་དང་ བཅའ་ཁྲིམས་ཚུ་དང་འཁྲིལ་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་ རྫོང་ཁག་བཙག་འཐུ་ཡིག་ཚང་གི་ ལས་བྱེདཔ་ཚུ་གིས་ བསྐྱར་ཞིབ་དང་ ལྟ་རྟོག་མཛད་དེ་ ཕྱག་ལཱ་གནང་དགོཔ་ གལ་ཆེཝ་སྦེ་མཐོང་ཅི་ཟེར་ཨིན་པས།
ན་རང་སྤྱི་འོག་གི་ ཚོགས་པ་གིས་འབད་རུང་ ཁོ་ར་ ཕ་ཇོ་འབད་ནིའི་ འགན་ཁུར་འབག་ནི་ཨིན་པ་ཅིན་ ཚོགས་པ་ལས་ དགོངས་ཞུ་འབད་དེ་ ཚོགས་པ་འབད་དགོཔ་མནོ་མི་དང་ གཞུང་ལུ་ ཕྱག་ཞུ་འདོད་ཡོད་མི་ཚུ་ལུ་ གོ་སྐབས་སྤྲོད་རུང་ མ་བཏུབ་མིན་འདུག་ཟེར་ཨིན་པས།
ན་རང་ སྤྱི་འོག་ཚོགས་པ་གིས་ ཕ་ཇོ་གི་འགན་ཁུར་འབག་པའི་ འཐུས་བཟུམ་ཅིག་སྦེ་ གུང་པ་རེ་ལས་ དངུལ་ཀྲམ་༥༠ རེ་སྦེ་ ལོ་བསྟར་བཞིན་དུ་ སྤྲོད་དགོཔ་ཨིནམ་ད་ དེ་ཡང་ སྤྱི་འོག་༤ ནང་ གུང་པ་༡༩༠ གིས་ སྤྲོད་དགོཔ་མ་ཚད་ མི་ཤི་རྐྱེན་བྱུང་ས་ལུ་ གཤིན་རྩིས་ལྟ་ནི་དེ་གིས་ ཕྱག་འགྱེདཔ་ཡང་ ལོགས་སུ་སྦེ་ ཐོབ་དོ་ཡོད་པའི་གནས་ཚུལ།
ན་རང་ལས་ བཀྲིས་ཕུན་ཚོགས།