ཚོགས་པ་༤ གིས་ ཨམ་སྲུ་དང་ཨ་ལོའི་སྲིད་བྱུས་ལུ་ གཙོ་རིམ་བཟུང་ཡོདཔ།

༉ རྒྱལ་ཁབ་ནང་ མི་རློབས་ཡོངས་བསྡོམས་༦༢༩,༨༩༥ ཡོད་མི་ལས་༣༥༧,༦༠༡ ཨམ་སྲུ་ཨིནམ་ལས་ དུས་ཅི་ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་འདུའི་བཙག་འཐུ་ནང་ ཚོགས་པ་༤ གིས་ རང་སོའི་ཁས་བླངས་གསལ་བསྒྲགས་ནང་ གཙོ་རིམ་ལེ་ཤ་བསྒྲིགས་ཡོད་པའི་ནང་ལས་ ཨམ་སྲུ་དང་ཨ་ལོའི་སྲིད་བྱུས་ལུ་ གཙོ་རིམ་བཟུང་ནུག།
རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ སྙན་ཞུ་དང་འཁྲིལཝ་ད་ ཕོ་མོ་ཡ་བྲལ་སོང་མི་ བརྒྱ་ཆ་༢.༡ ཡོད་པའི་སྙན་ཞུ་དང་ འདས་པའི་ལོ་༡༣ གྱི་རིང་ ཨ་ལོ་དང་འབྲེལ་བའི་མཐུན་རྐྱེན་ ལེགས་ཤོམ་མེད་མི་ལུ་བརྟེན་ རྒྱལ་ཁབ་ནང་ ཨ་ལོ་སྐྱེས་མིའི་གྱངས་ཁ་དེ་༡,༣༠༠ དེ་ཅིག་གིས་ མར་བབས་སོང་ཡོདཔ་སྦེ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ནང་ ཕོ་མོ་ཁ་བྲལ་སོང་མི་ ཡར་སེང་འགྱོ་བའི་ཁར་ མི་སྡེའི་དཀའ་ངལ་བསལ་ནིའི་དོན་ལས་ གཉེན་སྦྱོར་གྱི་བསླབ་སྟོན་དང་ ཕ་མའི་སྐྱོང་བཞག་གི་ཞབས་ཏོག་ཚུ་ གཞི་བཙུགས་འབད་ནི་ཨིནམ་མ་ཚད་ གྲོང་གསེབ་ནང་ལས་ཕར་ ཨམ་སྲུ་དང་ཨ་ལོ་ལུ་ བྱ་སྟབས་མ་བདེཝ་ཐོནམ་ད་ ཆ་རོགས་འབད་ནིའི་དོན་ལུ་ ཞབས་ཏོག་གཞི་བཙུགས་འབད་ནི་ཟེར་བའི་ ཁས་ལེན་འབད་ནུག།
ཚོགས་པ་གིས་ ཨམ་སྲུ་དང་ཨ་ལོའི་དབང་ཆ་དང་ དལ་དབང་ཉེན་སྲུང་གི་དོན་ལུ་ རྒྱལ་ཡོངས་དང་ རྒྱལ་སྤྱིའི་ཁྲིམས་ལུགས་སྣ་ཚོགས་ ལག་ལེན་འཐབ་ནིའི་ ཁས་བླངས་འབད་ཡོད་པའི་ཁར་ ཨམ་སྲུ་ཚུ་གིས་ ཤེས་ཡོན་ལྷབ་ནིའི་གོ་སྐབས་བཟོ་ནི་དང་ ལས་འཛིན་དང་ལས་འགུལ་ཆུང་བ་ཚུ་ནང་ འོང་འབབ་བཟོ་ནིའི་དོན་ལུ་ ལག་རྩལ་སྦྱོང་བརྡར་གྱི་ ལས་རིམ་ཚུ་ གཞི་བཙུགས་འབད་དེ་ རྒྱབ་སྐྱོར་འབད་ནི་ཨིན་ཟེར་ཨིན་པས།
ཚོགས་པའི་ཁ་ཐུག་ལས་ དཔལ་འབྱོར་དང་ མི་སྡེ་ དེ་ལས་ ལམ་སྲོལ་གྱི་དཀའ་ངལ་ཚུ་བསལ་ཏེ་ ཨམ་སྲུ་ཚུ་གིས་ ཕོ་མོའི་འགན་ཁུར་འབག་ནི་དང་ བཟའ་ཚང་གི་ སྲིད་བྱུས་བརྩམ་ནི་ཚུ་ནང་ ཨམ་སྲུའི་གྲལ་གཏོགས་དེ་ ཡར་འཕར་གཏང་ནི་ཟེར་ ཁས་བླངས་འབད་ཡོདཔ་མ་ཚད་ ཕོ་མོའི་འགན་དབང་དང་ ན་གཞོན་ དེ་ལས་ མི་སྡེ་གོང་འཕེལ་གྱི་ དཀའ་ངལ་བསལ་ནིའི་དོན་ལུ་ ལས་སྡེ་སོ་སོ་ཅིག་ཡང་ གཞི་བཙུགས་འབད་འོང་ཟེར་ ཁས་ལེན་འབད་ནུག།
མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ནང་ ཨམ་སྲུ་ཚུ་ལུ་ དབང་ཆ་དང་དཔལ་འབྱོར་གྱི་གོ་སྐབས་ འདྲ་མཉམ་སྤྲོད་ནི་དང་ དེ་བཞིན་དུ་ ཤེས་རིག་དང་གསོ་བ་ ཨམ་སྲུ་དང་བུམོ་ཚུ་ལུ་ རྩུབ་སྤྱོད་ཀྱི་གདོང་ལེན་ འབད་ནི་ཟེར་ ཁས་བླངས་འབད་ཡོད་པའི་ཁར་ མི་སྡེ་ནང་ ཨམ་སྲུ་སྒྲིང་སྒྲི་དང་ རང་དབང་ཡོདཔ་བཟོ་ནི་ལུ་ འཕྲོ་མཐུད་དེ་ར་ ལཱ་འབད་འོང་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་ ཨམ་སྲུ་དང་ཨ་ལོའི་དོན་ལས་ ཨའི་དང་ཨ་ལོའི་སྨན་ཁང་གཅིག་གཞི་བཙུགས་འབད་ནི་དང་ ལྷན་ཁག་དང་ལས་སྡེ་ ལས་ཁུངས་ཁག་དང་ རང་དབང་ཡོད་པའི་གཙུག་སྡེ་ཚུ་ནང་ ཨ་ལོ་གཅེས་སྐྱོང་ལྟེ་བ་རེ་ གཞི་བཙུགས་འབད་ནི་ཟེར་ཁས་བླངས་འབད་བའི་ཁར་ སྤྱི་འོག་ག་ར་ནང་ ཨ་ལོ་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་རེ་གཞི་བཙུགས་འབད་ནི་ཟེར་ཨིན་པས།
གྲོང་གསེབ་ནང་གི་ ཨའི་ཚུ་གིས་ ཨ་ལོ་གཅེས་སྐྱོང་ཡར་འཕར་གཏང་ནིའི་དོན་ལུ་ ཨའི་ཚུ་ལུ་ གཅེས་སྐྱོང་གི་སྦྱོང་བརྡར་དང་ འཐུས་ཚུ་ཡང་ སྤྲོད་ནི་ཨིནམ་མ་ཚད་ ཨ་པའི་ཁ་ཐུག་ལས་ བཟའ་ཚང་དང་ ཨ་ལོ་སྐྱེ་བའི་སྐབས་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ ཕའི་ངལ་གསོ་ ཟླཝ་༡ ལུ་ ཡར་སེང་འབད་ནི་ཨིནམ་ད་ ཨ་ལོའི་ཨའི་ ལཱ་གཡོག་མེད་མི་ཚུ་ལུ་ ཚུལ་ལྡན་ཐོག་ལས་ མི་ཚེ་སྐྱོང་ཐབས་ལུ་ ལག་རྩལ་སྦྱོང་བརྡར་ཚུ་ཡང་ བྱིན་འོང་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ ཁས་བླངས་གསལ་བསྒྲགས་འབད་མིའི་ནང་ ཞི་གཡོགཔ་དང་ སྒེར་སྡེ་ ལས་འཛིན་ འབྲུག་རྒྱུ་ནོར་གཞི་བཟུང་འོག་ལུ་ཡོད་པའི་ ལས་འཛིན་ཚུ་ནང་ལཱ་འབད་མི་ ཨ་ལོའི་ཨའི་ཚུ་ལུ་ སྐྱེས་མའི་ངལ་གསོ་ཟླཝ་༦ བཟོ་ནི་ཨིནམ་མ་ཚད་ གྲོང་གསེབ་ནང་གི་ ཨ་ལོའི་ཨའི་ཚུ་ཡང་ སོ་ནམ་གྱི་ལཱ་འབད་དོ་ཡོདཔ་ལས་ ཨ་ལོའི་སྐྱེས་བའི་ཟླཝ་ནང་ ཨམ་སྲུའི་ཉིན་བསྟར་གྱི་ གླ་འཐུས་དང་བསྟུན་ ཨའི་ཚུ་ལུ་ འཐུས་སྤྲོད་ནིའི་ལམ་ལུགས་ གཞི་བཙུགས་འབད་ནི་ཟེར་ཨིན་པས།
རྒྱལ་ཁབ་ནང་ ཨའི་དང་ཨ་ལོའི་སྲིད་བྱུས་ལུ་ གཙོ་རིམ་བཟུང་དོ་ཡོདཔ་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ ཨ་ལོ་དང་ཨའི་གི་ཉེན་སྲུང་གི་ཞབས་ཏོག་ཚུ་ ཡར་འཕར་གཏང་ནིའི་དོན་ལུ་ ཉེན་སྲུང་དང་བློ་གཏད་ཅན་གྱི་ གཙུག་སྡེ་ཅིག་ གཞི་བཙུགས་འབད་འོང་ཟེར་ཨིནམ་ད་ གཞུང་མིན་ལས་ཚོགས་དང་ མཉམ་འབྲེལ་ཐོག་ལས་ རྩུབ་སྤྱོད་ལུ་བརྟེན་བྱུང་མི་ ཉམས་རྒུདཔ་ཚུ་ལུ་ ཉེན་སྲུང་ཅན་གྱི་སྡོད་ཁྱིམ་དང་ བསླབ་སྟོན་གྱི་ཞབས་ཏོག་ཚུ་ བྱིན་ནི་ཨིན་པས།
དེ་ལས་ ཚོགས་པ་གིས་ རྒྱལ་སྤྱིའི་ཨ་ལོ་གཅེས་སྐྱོང་དང་གོང་འཕེལ་གྱི་ལམ་སྟོན་དང་འཁྲིལ་ དགོས་མཁོ་ཅན་གྱི་ཅ་ཆས་དང་ ཨ་ལོ་ཚུ་ལུ་ སྤུས་ཚད་ཅན་གྱི་ཤེས་ཡོན་བྱིན་ཐབས་ལུ་ སློབ་དཔོན་ཚུ་ལུ་ རིག་རྩལ་བྱིན་ནི་དང་ སློབ་གྲྭ་ནང་འགྱོ་མི་ སློབ་ཕྲུག་བུམོ་ག་ར་ལུ་ གཙང་རས་ཚུ་ རིན་མེད་སྟོང་པར་ བྱིན་ནི་ཨིན་པས།
འབྲུག་ཀུན་མཉམ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ནང་ གསོ་བ་དང་ཤེས་རིག་ ཟས་བཅུད་དང་སྲིད་བྱུས་ཚུ་ལུ་ གཙོ་རིམ་བཟུང་སྟེ་ ཨམ་སྲུ་དང་ཨ་ལོའི་ཕན་བདེ་དང་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ཨིནམ་བཞིན་དུ་ མི་སྡེ་ནང་ རང་སྲོག་བཅད་དེ་ཤི་མི་དང་ དབང་བཙོང་འདོད་སྤྱོད་ དེ་ལས་ སེམས་ནད་ཀྱི་དཀའ་ངལ་ཚུ་ མར་ཕབ་འབད་ནི་ལུ་ རྒྱབ་སྐྱོར་འབད་ནི་ཨིན་ཟེར་ཨིན་པས།
དེ་མ་ཚད་ ཨ་ལོ་དང་ཨའི་གི་ གཟུགས་ཁམས་འཕྲོད་བསྟེན་དང་ ཟས་བཅུད་ཀྱི་སྐོར་ལས་ ཀུན་ཁྱབ་བརྡ་སྤྲོད་འབད་ནི་དེ་ ཧེང་སྐལ་ར་ སྒྲིང་སྒྲི་བཟོ་ནི་ཨིན་ཟེར་ ཁས་བླངས་འབད་བའི་ཁར་ ཤུལ་ལས་ ཨ་ལོ་ཚུ་གི་མི་ཚེ་ ལེགས་ཤོམ་འོང་ཐབས་ལུ་ ཨ་ལོ་ཆུང་ཀུ་བསྒང་ལས་ར་ ཤེས་ཡོན་བྱིན་ནིའི་དོན་ལུ་ ཕ་མའི་སྐྱོང་བཞག་གི་ཤེས་ཡོན་ གཞི་བཙུགས་འབད་འོང་ཟེར་ ཁས་བླངས་འབདཝ་ཨིན་པས།
ཚོགས་པའི་ཁས་བླངས་གསལ་བསྒྲགས་ནང་ ཨམ་སྲུ་ཚུ་གིས་ ཨ་ལོ་ཐེངས་༢ པ་སྐྱེཝ་ད་ འཐུས་དངུལ་ཀྲམ་༥,༠༠༠ རེ་ བྱིན་ནི་ཨིན་ཟེར་ ཁས་ལེན་འབད་ཡོདཔ་མ་ཚད་ བློ་གསར་སློབ་རིམ་ལས་ སློབ་རིམ་༣ པ་ཚུན་གྱི་ཨ་ལོ་ཚུ་ལུ་ གཟའ་ཉི་མ་ལུ་ སློབ་གྲྭ་ནང་འོང་མ་དགོཔ་སྦེ་ བཟོ་ནི་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *