ཚོགས་དཔོན་འབད་ཞིནམ་ལས་ ཁྲིམས་ལུགས་ཧ་གོ་དགོ་ཟེར་ ཚོགས་དཔོན་བགྲེསཔ་གིས་བཤད་ཡོདཔ།

ཀུན་གསལ་གྱི་ གནས་ཚུལ་བསྡུ་བཀོདཔ་ བཀྲིས་བསྟན་འཛིན་གྱིས་ ཚོགས་དཔོན་བགྲེསཔ་ འཇིགས་མེད་བཟང་པོ་དང་གཅིག་ཁར་ སྤྱི་ཚོགས་ནང་ གནས་ཡུན་ལོ་ལྔའི་རིང་ ཕྱག་ཞུ་མི་དང་ ད་ལས་ཕར་ ག་ཅི་མཛད་ནི་ཨིན་ནའི་སྐོར་ དྲི་བ་དྲིས་ལན།

ཁྱོད་ཀྱིས་ འདས་པའི་ལོ་ལྔའི་རིང་ ཚོགས་དཔོན་སྦེ་ ཕྱག་ཞུ་སྟེ་ སྤྱི་ཚོགས་འགོ་ཁྲིད་འབད་བའི་སྐབས་ ཁྱོད་རའི་ སེམས་ཁར་ལུས་ནིའི་ དུས་ཚོད་ག་ཅི་ར་བྱུང་ཡི?
སྤྱི་ཚོགས་ཀྱི་ ལཱ་འགན་ངོ་མ་ར་ ཁྲིམས་བཟོ་ནི་དང་ མི་སེར་གྱི་ངོ་ཚབ་འབད་ནི་དེ་ གཙོ་བོ་ཨིན། དང་པ་ར་ དམངས་གཙོའི་རིང་ལུགས་འགོ་བཙུགས་ཏེ་ སྤྱི་ཚོགས་གཉིས་པ་ཨིན་རུང་ མཐར་འཁྱོལ་ཅན་སྦེ་ འགྱོ་ཚུགས་པའི་ཁར་ སྤྱི་ཚོགས་གསུམ་པ་ལུ་ ལེགས་ཤོམ་སྦེ་ རྩིས་སྤྲོད་ཚུགས་མི་དེ་ གྲུབ་འབྲས་སྦོམ་ཤོས་ཨིན། ང་བཅས་ཆ་ཁྱབ་ གཅིག་མཐུན་ཐོག་ལས་ སྤྱི་ཚོགས་ཀྱི་གནས་སྟངས་ཡང་ ཕུན་སུམ་ཚོགས་ཏོག་ཏོ་སྦེ་ བཞག་ཡོད་པའི་ཁར་ གྲོས་ཐག་བཅད་མི་ཚུ་ཡང་ ག་ར་ དྲན་པ་བཏོན་ཐོག་ལས་འབད་ཡི། འདས་པའི་ལོ་ལྔ་ནང་ གནད་དོན་ཚུ་ལུ་ རྩོད་བསྡུར་ཚུ་ཡང་ རྒྱས་ཤིང་རྒྱསཔ་སྦེ་གནང་སྟེ་ ཆ་འཇོག་གྲུབ་ཅི།
ང་གིས་ སྤྱི་ཚོགས་དང་པའི་སྐོར་ལས་ ག་ཅི་ཡང་ སླབ་ནི་མེད་རུང་ སྤྱི་ཚོགས་གཉིས་པ་དེ་ གྲུབ་འབྲས་ཅན་སྦེ་ རྩིས་སྤྲོད་ཚུགས་པའི་ཁར་ ང་རའི་གནས་ཡུན་སྐབས་ ཁྲིམས་འབྲེལ་ཁག་༢༣ དང་ རྒྱལ་སྤྱིའི་མཐུན་འབྲེལ་དང་གན་ཡིག་༡༡ ལུ་ བདེན་དཔྱད་འབད་ཡི། དེ་མ་ཚད་ ཚོགས་ཁང་ལས་ ཕྱིཁའི་ལཱ་འགན་ཚུའི་གྲས་ལས་ ང་རའི་འདེམས་ཁོངས་ནང་རྐྱངམ་གཅིག་མེན་པར་ རྒེད་འོག་༢༠ ནང་ ཚོགས་དཔོན་གྱི་འགན་ཁུར་འབག་སྟེ་ ལྟ་སྐོར་ནང་སོང་ཞིནམ་ལས་ སློབ་གྲྭ་ཁག་དང་ གཙུག་སྡེ་ཚུ་ནང་སོང་སྟེ་ སློབ་ཕྲུག་དང་སློབ་དཔོན་༦༠,༠༠༠ དེ་ཅིག་ཕྱད་དེ་ རྫོང་ཁག་ཚོགས་འདུ་དང་ རྒེད་འོག་ཚོགས་སྡེའི་ འགོ་ཁྲིདཔ་ག་ར་དང་གཅིག་ཁར་ ཕྱད་ཅི།
དེ་ཚུ་ག་ར་ རྒྱལ་ཁབ་ནང་འཁོད་ལུ་ མི་སེར་གྱི་ངོ་ཚབ་འབད་དེ་ འགན་ཁུར་འབག་པའི་ཚུལ་ཨིནམ་ད་ ཕྱིའི་རྒྱལ་ཁབ་ནང་འབད་བ་ཅིན་ ཨེ་ཤི་ཡཱན་སྤྱི་ཚོགས་ཀྱི་རྒྱལ་ཁབ་༤༡ གི་ ངོ་ཚབ་ཚུ་དང་ཕྱད་ཡོདཔ་ད་ སཱག་ལུང་ཕྱོགས་ཚོགས་དཔོན་གྱི་ ཞལ་འཛོམས་ནང་ བཅའ་མར་གཏོགས་ཏེ་ ཐིམ་ཕུག་ལུ་སྦེ་ འགོ་འདྲེན་འཐབ་མི་ ཨེ་ཤི་ཡཱན་ལམ་སྲོལ་ལས་རིམ་ཡང་ འགོ་འདྲེན་འཐབ་ཅི།
དེ་ལས་ ང་ར་ཚོགས་དཔོན་འབད་བའི་སྐབས་ རྒྱལ་སྤྱི་སྤྱི་ཚོགས་མཐུན་ཚོགས་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་ཚུགས་ཡོདཔ་ད་ གཞན་ཡང་ སྤྱི་ལོ་༢༠༡༥ ལུ་ ཡུན་བརྟན་གོང་འཕེལ་དམིགས་ཡུལ་མཐུན་ཚོགས་ནང་ མི་སེར་གྱི་ངོ་ཚབ་སྦེ་ བཅའ་མར་གཏོགས་ཡོདཔ་ད་ ཨེ་ཤི་ཡཱན་མི་རློབས་དང་གོང་འཕེལ་གྱི་ འཐུས་མི་སྦེ་ཡང་ འཛུལ་ཞུགས་འབད་ཡི།
སྤྱི་ཚོགས་ཀྱི་ འགན་ཁུར་གཙོ་བོ་ཅིག་ འཆར་དངུལ་ཚུ་ ནན་ཞིབ་འབད་ནི་དེ་ གཞུང་འགན་འཁྲི་ཅན་བཟོ་ནི་དེ་ཨིནམ་ལས་ རྒྱལ་ཡོངས་ཚོགས་འདུའི་བཅའ་ཁྲིམས་བསྐྱར་ཞིབ་འབད་བའི་ཁར་ ལམ་སྟོན་དང་སྒྲིག་གཞི་ཁག་ལེ་ཤ་ཅིག་ཡང་ བསྐྱར་ཞིབ་འབད་ནི་དེ་གིས་ གཞུང་གིས་ འཆར་དངུལ་ཐོག་ལས་ ལཱ་ག་ཅི་ར་འབད་ཡོདཔ་ཨིན་ན་ཚུ་ རྒྱལ་ཡོངས་ཚོགས་འདུ་ནང་ སྙན་ཞུ་འབད་དགོཔ་ལས་ དེ་གིས་ ཕན་ཐོགས་སྦོམ་འབྱུང་ཚུགས་ཅི།
ཧེ་མ་ རྒྱལ་ཡོངས་རྩིས་ཞིབ་དབང་འཛིན་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་འབྲེལ་བའི་ བསྣར་འགྱངས་ལུས་མི་ལཱ་ཚུ་ཡང་ བདེ་ཏོག་ཏོ་བཟོ་ཚུགས་ཏེ་ རྩ་ཁྲིམས་ཅན་གྱི་ ཡིག་ཚང་དང་གཅིག་ཁར་ཡང་ མཉམ་འབྲེལ་ཐོག་ལས་ ལཱ་ཚུ་འབད་ཚུགས་ཅི།
ལོ་ལྔའི་རིང་ དྲི་བ་ཁག་༤༨༣ དེ་ཅིག་ ལྷོད་མི་ཚུ་ཡང་ ཚོགས་ཁང་ནང་བཙུགས་ཏེ་ གྲོས་བསྟུན་འབད་ཡོད་པའི་ཁར་ ད་རུང་ རྫོང་ཁག་ཚུ་ནང་ལས་ལྷོད་པའི་ ཞུ་བ་ཁག་༡༨༣ དེ་ཅིག་ཡང་ ཐག་བཅད་དེ་ ལ་ལོ་ཅིག་ འབྲེལ་ཡོད་ལྷན་ཁག་དང་ ཡིག་ཚང་ཚུ་ལུ་ སྤྲོད་ཡི། གནས་ཡུན་སྐབས་ ལྷན་རྒྱས་གཞུང་ཚོགས་ཡིག་ཚང་གི་ལས་བྱེདཔ་ད་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ལས་ རྒྱབ་སྐྱོར་ལེགས་ཤོམ་ཐོབ་ཅི།
ཁྱོད་ར་ དྲང་དཔོན་འབད་བའི་ ཉམས་མྱོང་ཡོདཔ་ལས་ དེ་གིས་ ཚོགས་དཔོན་འབད་བའི་སྐབས་ ག་དེ་སྦེ་ཕན་ཐོགས་ཅི? ཚོགས་དཔོན་འབད་བའི་སྐབས་ གདོང་ལེན་སྦོམ་ཤོས་ར་ ག་ཅི་བྱུང་ཡི?
དྲང་ཁྲིམས་ནང་ ལཱ་འབད་ནི་དེ་གིས་ ཁྲིམས་ཀྱི་རིང་ལུགས་ཚུ་ ཧ་གོ་ཡི། ཚོགས་དཔོན་གྱིས་ ཁྲིམས་ལུགས་ཚུ་ ཧ་མ་གོ་བ་ཅིན་ གདོང་ལེན་སྦོམ་འབྱུང་འོང་།
སྤྱི་ཚོགས་དང་པའི་སྐབས་ སྤྱི་ཚོགས་ཀྱི་འཐུས་མི་༤༧ ཡོད་མིའི་གྲས་ལས་ ལྡོག་ཕྱོགས་ཀྱི་འཐུས་མི་ ཕུད་རྡོག་གཉིས་ལས་མེད་པའི་ཁར་ ད་རེས་ཀྱི་ སྤྱི་ཚོགས་ནང་ ལྡོག་ཕྱོགས་སྒྲིང་སྒྲི་ཡོདཔ་ལས་ བྱ་བའི་གནད་སྤྱོད་ཡང་ བཟོ་དགོཔ་ཐོན་ཡི།
ཧེ་མའི་ ཚོགས་དཔོན་དང་ཕྱདཔ་ད་ ང་ལུ་དེ་བཟུམ་མའི་ གོ་སྐབས་མེདཔ་ལས་ ཐབས་ལམ་ཚུ་ བཏོན་དགོཔ་ཐོན་པའི་ཁར་ དམངས་གཙོའི་རིང་ལུགས་ནང་ དགག་བཤེར་དང་ཚད་མཉམ་དགོཔ་ལས་ གལ་ཆེ་བའི་གནད་དོན་ཚུ་ག་ར་ ཚོགས་ཁང་ནང་ གྲོས་བསྡུར་འབད་དེ་ ཚོགས་རྒྱན་བསྐྱུར་ཐོག་ལས་ ཐག་བཅད་ཡོདཔ་ད་ གནས་ཡུན་སྐབས་ ཚོགས་རྒྱན་ཁག་མ་འདྲཝ་༡༥༤ དེ་ཅིག་བཙུགས་ཅི།
སྤྱི་ཚོགས་ལུ་ གདོང་ལེན་ཚུ་ ག་ཅི་ར་ཡོདཔ་ཨིན་ན?
ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་ནང་ ཞིབ་འཚོལ་འབད་ནིའི་ལྕོགས་གྲུབ་ དེ་ཅིག་མེད་པའི་ཁར་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ལུ་ཡང་ དེ་གི་ཉམས་མྱོང་མེདཔ་ལས་ ཚོགས་ཁང་ནང་ གྲོས་བསྡུར་རེ་ འབད་དགོཔ་ཐོནམ་ད་ བཅུད་བཏོན་མ་ཚུགས་པར་ ཚོགས་དཔོན་གྱིས་ བར་ན་ལས་ རྩོད་བསྡུར་ག་དེ་སྦེ་ འབད་དགོཔ་ཨིན་ན་དང་ གྲོས་ཐག་ག་དེ་སྦེ་ བཅད་དགོཔ་ཨིན་ནའི་སྐོར་ལས་ བཤད་བྱིན་དགོཔ་ ཐོན་པའི་ཁར་ འཕྲལ་འཕྲལ་སྐབས་ འཐུས་མི་ཚུ་ལུ་ གནད་དོན་ཚུ་ ཁ་གསལ་རྐྱབ་བྱིན་དགོཔ་ཐོན་ཡི།
འཕྲལ་འཕྲལ་སྐབས་ འཐུས་མི་ཚུ་གིས་ ཚོགས་ཁང་གི་ཕྱི་ཁར་ གནད་དོན་ཚུ་ལུ་ ངོས་ལེན་འབད་རུང་ ཚོགས་ཁང་ནང་ལྷོདཔ་ད་ རང་སོའི་ཚོགས་རྒྱན་བཙུགས་མི་ཚུ་ སེམས་དགའ་བཅུག་ཐབས་ལུ་ ངོས་ལེན་འབད་མ་བཏུབ་མི་ཡང་ཐོན་ཡི།
བློ་འགྱོད་རེ་ཡོད་ག?
ང་བཟུམ་མའི་ སློབ་གྲྭ་ཆུང་བའི་ སློབ་དཔོན་ལས་ རྫོང་བདག་ལུ་ བསྐོ་བཞག་གནང་སྟེ་ དེ་གི་ཤུལ་ལས་ རྒྱལ་ཡོངས་ཚོགས་འདུའི་ ཡོངས་ཁྱབ་དྲུང་ཆེན་དང་ ཆེ་མཐོ་ཁྲིམས་འདུན་ལུ་ དྲང་དཔོན་འབད་མི་ལུ་ བློ་འགྱོད་ག་ཅི་འོང་ནི། ང་ལུ་བློ་འགྱོད་ཟེར་རུང་ ང་རའི་གཡུས་ཁར་ཡོད་མི་ ས་ཞིང་ཚུ་ ཚལ་མ་ལུ་ གྱུར་ཡོད་མི་ལུ་ བློ་འགྱོད་ཡོད། ང་ར་ནཱ་ འོང་སྡོདཔ་ད་ འདས་པའི་ལོ་ལྔའི་རིང་ ཞིང་ལྟ་མི་ ག་ཡང་མེད་པར་ ལུས་སོ་ཡི།
དགོངསམ་ཞུ་བའི་ཤུལ་ལས་ སོ་ནམ་ཞིང་ལཱ་འབད་ནི་སྨོ་ ཡང་ཅིན་ སྒོམ་རྐྱབ་ནི?
ང་ལུ་ ཆོས་འབད་ནིའི་ ཉམས་མྱོང་མེདཔ་ལས་ དུས་རྒྱུན་གྱི་ ཁ་ཐུན་ཐུང་ཀུ་རེ་ གཏང་ནི་ཡོད། ང་གིས་ མང་ཤོས་ར་ ལོ་ན་རྒས་མི་ཚུ་དང་གཅིག་ཁར་ ལཱ་འབད་ནི་གི་ མནོ་བསམ་ཡོད། ང་རང་ སྐྱེས་ལོ་༦༨ ལང་ཡོདཔ་ལས་ རྒན་ཤོས་ཚོགས་པ་ནང་ འཛུལ་བ་ཅིན་དྲག་ནི་མས། ང་རའི་ཨ་ལོ་ཚུ་གིས་ སྨན་ཁང་གི་ སྦོ་ལོགས་ཁར་ སྡོད་དགོ་ཟེར་ སླབ་ནི་དེ་གིས་ ཁང་ཚན་ཅིག་ གླ་ཁར་ལེན་ཡོདཔ་ལས་ སྤྱི་ཟླ་༧ པའི་ཚེས་༣༠ ལུ་ དེ་ནང་སྤོ་ཡི།
ཚོགས་དཔོན་འབད་བའི་ཁར་ རྒས་ཤོས་ཅིག་འབད་ནི་དེ་གིས་ སྲིད་དོན་ནང་ བཅའ་མར་གཏོགས་མི་དང་ མ་འོངས་པའི་ ཚོགས་དཔོན་ལུ་ བསླབ་བྱ་ག་ཅི་ར་ གནང་ནི་ཡོད?
ཁྱོད་ར་ ཁྲིམས་རྩམ་མི་ཨིན་རུང་ ལས་ཁུངས་གཞན་ནང་ ལཱ་འབད་མི་ཨིན་རུང་ རྒྱལཔོ་ཚུ་གི་ ཐུགས་ཀྱི་དགོངས་བཞེད་ སེམས་ཁར་བཞག་དགོ། ང་བཅས་ཀྱི་ གོང་འཕེལ་གྱི་ལྟ་བ་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཨིནམ་ལས་ རྒྱལཔོ་དང་ མི་སེར་གྱི་ ཞབས་ཏོག་ཞུ་དགོ། མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བདེ་སྐྱིད་དང་གཅིག་མཐུན་བཞག་དགོཔ་སྦེ་ གསུངས་མི་དེ་ སྲིད་དོན་ཚོགས་པ་ཚུ་ལུ་ ལྟ་བ་སོ་སོར་འོང་རུང་ མི་སེར་གྱི་བར་ན་ སོ་སོར་ཕྱེ་ནི་མི་འོང་།
མ་འོངས་པའི་ ཚོགས་དཔོན་ལུ་ ལམ་ལུགས་ཚུ་ སྒྲིང་སྒྲི་བཟོ་སྟེ་ ཁྲིམས་འབྲེལ་ལས་ཁུངས་ནང་ ཡར་དྲག་གཏང་དགོཔ་ཡོད་རུང་ ང་བཅས་ཀྱིས་ དྭངས་གསལ་དང་ འགན་འཁྲིའི་དོན་ལུ་ དགག་བཤེར་དང་ཚད་མཉམ་ བཙུགས་བཞག་སྟེ་ཡོད།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *