ཚོགས་དཔོན་དང་ ཚོགས་དཔོན་འོགམ་༢ སྤྱི་ཟླ་༡༠ པའི་ཚེས་༣༡ ལུ་ བཙག་འཐུ་འབད་ནི།

༉ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ ཚོགས་དཔོན་འོགམ་༢ སྤྱི་ཟླ་༡༠ པའི་ཚེས་༣༡ ལུ་ བཙག་འཐུ་འབད་ནིའི་ ལས་རིམ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ བྱ་བའི་གནད་སྤྱོད་ནང་ འཐུས་མི་ཅིག་གིས་ ཚོགས་དཔོན་གྱི་ གོ་གནས་དོན་ལུ་ གདམ་ངོའི་གྲོས་འཆར་ཅིག་ ཚོགས་ཁང་ནང་ཕུལ་མི་དེ་ལུ་ འཐུས་མི་གཞན་ཅིག་གིས་ རྒྱབ་སྐྱོར་འབད་དགོ་པའི་ཁར་ གདམ་ངོ་དེ་གིས་ ཚོགས་དཔོན་འབད་ནིའི་ བློ་འདོད་ཡོད་མེད་ཀྱི་ ཞུ་བ་ཕུལ་དགོཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཕུར་པ་གིས་ སླབ་མི་ནང་ ཚོགས་དཔོན་གོང་འོག་༢ ག་གིས་འབད་འོང་ག་ ད་ལྟོ་ གྲོས་ཐག་མ་བཅད་པར་ཡོད་ཟེར་ ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ ཡོངས་ཁྱབ་དྲུང་ཆེན་ སངས་རྒྱས་གྲུ་པ་གིས་ སླབ་མིའི་ནང་ བཙག་འཐུ་ལས་གྲུབ་མི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ སྤྱི་ཟླ་༡༠ པའི་ཚེས་༣༡ གི་ དྲོ་པའི་ཆུ་ཚོད་༡༠ ལུ་ རྒྱལ་ཡོངས་ཚོགས་འདུའི་ ཞལ་འཛོམས་ཁང་ནང་སྦེ་ ཞལ་འཛོམས་དང་པ་ འཚོགས་ནི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་རིམ་དེ་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་བཞུགས་མེན་ཟེར་ཨིནམ་ད་ ཞལ་འཛོམས་དེ་ནང་ ཚོགས་དཔོན་གོང་འོག་༢ བཙག་འཐུ་འབད་ནི་ཟེར་ཨིན་པས།
ཨིན་རུང་ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་བཞུགས་དེ་ ལྷན་རྒྱས་གཞུང་ཚོགས་ གཞི་བཙུགས་འབད་བའི་ཤུལ་ལས་ འཚོགས་ནི་ཨིན་པས།
རྩ་ཁྲིམས་ཆེན་མོ་དང་འཁྲིལཝ་ད་ བློན་ཆེན་གྱིས་ བློན་པོའི་གོ་གནས་ཀྱི་གདམ་ངོ་ཚུ་ གདམ་འཐུ་འབད་ནི་ལུ་ ཁྱད་དབང་ཡོདཔ་བཞིན་དུ་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༡༧ གྱི་ དོན་ཚན་༣ པ་དང་འཁྲིལ་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ འབྲུག་རྒྱལ་པོ་མཆོག་ལས་ བདག་རྐྱེན་ཞུ་བའི་ཤུལ་ལས་ བློན་པོའི་གདམ་ངོ་ཚུ་ གདམ་འཐུ་འབད་དེ་ མིང་ཐོ་ཚུ་ འབྲུག་རྒྱལ་པོ་མཆོག་ལུ་ ཕུལ་ནི་ཨིན་པས།
ཕུར་པ་གིས་ སླབ་མིའི་ནང་ གཞུང་གཞི་བཙུགས་འབད་ནི་དེ་ཡང་ བཅའ་ཁྲིམས་དང་འཁྲིལ་ཏེ་ འབད་འོང་ཟེར་ཨིནམ་ད་ རྒྱལ་ཁབ་ཀྱི་ བཅའ་ཁྲིམས་དང་མ་འཁྲིལ་བའི་ ལམ་ལུགས་གསརཔ་ གཞི་བཙུགས་མི་འབད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚོགས་པའི་གཙོ་འཛིན་གྱིས་ བློན་ཆེན་གྱི་ གོ་གནས་བཞེས་ནི་ལུ་ ཁྱད་དབང་ཡོད་ཟེར་ཨིནམ་བཞིན་དུ་ གལ་སྲིད་ གཙོ་འཛིན་གྱིས་ ཁོ་རའི་ འདེམས་ཁོངས་ནང་ལས་ བཙག་འཐུ་མ་འགྲུབ་པ་ཅིན་ བློན་ཆེན་གྱི་གོ་གནས་དོན་ལུ་ གདམ་འཐུ་འབད་འབདཝ་ འོང་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ སངས་རྒྱས་ཕུར་པ་གིས་ སླབ་མིའི་ནང་ ཚོགས་པའི་གཙོ་འཛིན་ ཌོག་ཊར་པདྨ་རྒྱ་མཚོ་དེ་ ལྡོག་ཕྱོགས་འགོ་ཁྲིདཔ་སྦེ་ར་ སྡོད་འོང་ཟེར་ཨིནམ་ད་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་དེ་ ད་རེས་འབདཝ་ད་ ཐེངས་༢ ལྡོག་ཕྱོགས་འགོ་ཁྲིདཔ་འབད་ནི་ཨིན་པས།
འཆར་གཞི་༡༢ པ་དང་ རྩིས་ལོ་༢༠༡༨-༡༩ གི་ སྤྱི་ཟླ་༧ པའི་ཚེས་༡ ལུ་བཟོ་མི་དེ་ སྤྱི་ཚོགས་༣ པའི་ནང་ ཆ་འཇོག་འབད་ནི་ཨིནམ་ད་ ད་ལྟོ་ རྩིས་ལོ་དེ་ འཆར་གཞི་༡༢ པའི་ ལོ་ངོ་དང་པ་ནང་ ཚུདཔ་ཨིན་པས།
འདས་པའི་གཞུང་གིས་ འཆར་གཞི་༡༢ པའི་ཟིན་བྲིས་བཏབ་ཐོག་ལས་ གཞུང་གསརཔ་ལུ་ ཆ་འཇོག་འབད་ནི་ལུ་ བཞག་སྟེ་ཡོདཔ་ད་ གཞུང་གསརཔ་གིས་ ཁོང་རའི་ཁས་བླངས་དང་འཁྲིལ་ཏེ་ འགྲུབ་ནི་ཨིན་པས།
དུས་ཅི་ སྤྱི་ཟླ་༦ པའི་ནང་ སྤྱི་ཚོགས་ཀྱིས་ གཞུང་གསརཔ་དབུ་མ་བརྙེས་ཚུན་ གནས་སྐབས་གཞུང་གི་ འཆར་དངུལ་ཆ་འཇོག་འབད་ཡོད་མི་དེ་ སྤྱི་ཟླ་༡༢ པའི་ཚེས་༣༡ ལུ་ ཆ་མེད་འགྱོ་ནི་ཨིན་པས།
གནས་སྐབས་གཞུང་དེ་ སྤྱི་ཟླ་༨ པའི་ནང་ བཀལ་ཡོདཔ་ད་ གནས་སྐབས་གཞུང་ལུ་ སྲིད་བྱུས་དང་འབྲེལ་བའི་ གྲོས་ཐག་བཅད་ནི་དང་ ཕྱི་འབྲེལ་གྱི་གཞུང་ ཡང་ན་ ལས་སྡེ་ཚུ་དང་ གན་ཡིག་ག་ནི་ཡང་ བཟོ་མི་ཆོག་ནི་ཨིན་པས།
འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༡༩ པའི་རྩ་དོན་༡ པའི་ དགོངས་དོན་དང་འཁྲིལཝ་ད་ འབྲུག་རྒྱལ་པོ་མཆོག་གིས་ རྒྱལ་ཡོངས་ཚོགས་འདུ་ ནམ་ཞིག་རྩ་འགྲོལ་སོང་བའི་སྐབས་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ རང་མོས་དང་རྣམ་དག་གི་ བཙག་འཐུ་འབད་ཚུགས་པའི་དོན་ལུ་ ཉིན་གྲངས་༩༠ ལས་ མ་འདས་པའི་དུས་ཡུན་ཅིག་ནང་ འཛིན་སྐྱོང་འཐབ་མི་ གནས་སྐབས་ཀྱི་ གཞུང་ཅིག་ བསྐོ་བཞག་གནང་དགོཔ་ཨིན་པས།
འབྲུག་རྒྱལ་པོ་མཆོག་གིས་ སྤྱི་ཟླ་༨ པའི་ཚེས་༩ ལུ་ བཀའ་ཤོག་གནང་ཐོག་ལས་ གནས་སྐབས་ཀྱི་ གཞུང་༢ པའི་དོན་ལུ་ གྲོས་དཔོན་སྤྱི་ཁྱབ་དང་ གྲོས་དཔོན་ཚུ་ བསྐོ་བཞག་གནང་ཡི།
བཙག་འཐུའི་གྲུབ་འབྲས་དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་ གསལ་བསྒྲགས་འབད་བཞིན་དུ་ བཙག་འཐུ་དང་འབྲེལ་བའི་ ཉོགས་བཤད་ཕུལ་ནིའི་དུས་ཡུན་དེ་ སྤྱི་ཟླ་༡༡ པའི་ཚེས་༦ ཚུན་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *