ཁ་ཙ་ བཀྲིས་སྒང་རྫོང་ནང་གི་ རྡོ་གཅལ་ནང་ འཆམ་རྒྱུགས་ཕུལ་སར་ ལྟདམོ་བལྟ་མི་༥༠ དེ་ཅིག་ སྤུངས་འཛོམས་འབད་ནུག།

ཚེས་བཅུ་དེ་ ན་གཞོན་ཚུ་གི་དོན་ལུ་ དགའ་སྤྲོ་སྟོན་ནིའི་ དུས་ཚོད་ཅིག་ཨིནམ།

༉ ཁ་ཙ་ བཀྲིས་སྒང་གི་ ལོ་བསྟར་ཚེས་བཅུ་ འགོ་བཙུགསཔ་བཞིན་དུ་ རྫོང་ཁག་ནང་འཁོད་ཀྱི་ མི་སེར་ཚུ་ ཁྲོམ་ཁར་སྤུངས་འཛོམས་འབདཝ་དང་འབྲེལ་ སྤྲོ་སྣང་ཅན་གྱི་ གནས་སྟངས་ཅིག་ལུ་གྱུར་བའི་ མཐོང་གསལ་བྱུངམ་ཨིན་པས།
མ་གཞི་ གནམ་གཤིས་གནས་སྟངས་དེ་ ལེགས་ཤོམ་མེད་རུང་ བཀྲིས་སྒང་རྫོང་གི་ རྡོ་གཅལ་ནང་ འཆམ་རྒྱུགས་ཕུལཝ་བཞིན་དུ་ གཟབ་སྤྲོས་རྡིག་མི་ རྒན་གཞོན་གཉིས་ཆ་ར་ ཁྲོམ་ལམ་བདའ་སྟེ་ སྤུངས་འཛོམས་འབད་མི་དེ་ཡང་ ཚེས་བཅུ་མཇལ་བར་མེན་པར་ མདའ་རྩེད་ཐང་ནང་ སྤྲོ་སྟོན་སྣ་ཚོགས་གཞི་བཙུགས་འབད་སར་ སྤྲོ་ཉམས་སྟོན་ཐབས་ལུ་ཨིན་པས།
དེ་འབདཝ་ལས་ ཉམས་གསོ་ཞུ་མི་ རྫོང་ནང་ འཆམ་རྒྱུགས་མཇལ་མི་ མི་གྲངས་༥༠ དེ་ཅིག་ལས་བརྒལ་མེདཔ་ཨིན་པས།
བཀྲིས་སྒང་ལུ་སྡོད་མི་ཅིག་ཨིན་མི་ དབང་འདུས་ཀྱིས་ སླབ་མིའི་ནང་ འདས་པའི་ལོ་དག་པ་ཅིག་ལས་ ལོ་བསྟར་ཚེས་བཅུ་མཇལ་བར་འོང་མིའི་ གྱངས་ཁ་མར་བབས་སོང་ཡི་ཟེར་ཨིནམ་ད་ ད་རེས་ནངས་པར་ ན་གཞོན་ཚུ་གིས་ ཚེས་བཅུ་ལུ་མེན་པར་ རྩེད་སྟོན་ཁང་ཚུ་ནང་ འགྱོ་ནི་དང་ རྩེདམོ་རྩེ་ནི་ཚུ་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ་མ་ཚད་ ཚེས་བཅུ་ཚུ་ དགའ་སྟོན་དང་ ཚོང་པ་ཚུ་གི་དོན་ལུ་ ཚོང་འབྲེལ་གྱི་ གོ་སྐབས་ཅིག་ལུ་ གྱུར་སོ་ནུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།
དེ་བཟུམ་མའི་ སྤྲོ་སྟོན་ལས་རིམ་ཚུ་ལུ་ སྤྲོ་བ་བསྐྱེད་ནི་དེ་གིས་ ཚེས་བཅུའི་སྐབས་ སྤྱན་འབུལ་ཞུ་མི་ གར་འཆམ་གྱི་ དགོས་པ་དང་ གནད་ཁུངས་ཚུ་ ཡལ་ཉམས་འགྱོཝ་མས་ཟེར་ དབང་འདུས་ཀྱིས་ བཤདཔ་ཨིན་པས།
ཁ་ཙ་ རྫོང་ནང་ འཆམ་རྒྱུགས་མཇལ་བར་ ཤཱན་ཏི་མོ་དང་ མོ་གི་ཆ་རོགས་ཚུ་ འགོ་དང་པ་ ལྷོད་ཡོདཔ་ད་ ང་བཅས་ རྫོང་ནང་ དྲོ་པའི་ཆུ་ཚོད་༡༠ ལུ་ལྷོདཔ་ད་ དགེ་སློང་ཚུ་མ་གཏོགས་ ལྟདམོ་བལྟ་མི་ག་ཡང་ མ་ལྷོད་པས་ཟེར་ མོ་གིས་ བཤད་པའི་ཁར་ ཁོང་ཆ་ཁྱབ་ འགོ་དང་པ་ ལྷོད་ནི་དེ་གིས་ སྡོད་སའི་ས་གོ་ཡང་ ཁྱིམ་ནང་ཐོབ་ཅི་ཟེར་ བཤདཔ་ཨིན་པས།
བཀྲིས་གཡང་རྩེ་འཇམ་མཁར་ལས་ སྐྱེས་ལོ་༦༠ ལང་མི་དེ་ བཀྲིས་སྒང་ལུ་ མོ་གི་བུ་དང་ བཟའ་ཚང་དང་གཅིག་ཁར་ སྡོད་དོ་ཡོདཔ་ད་ མོ་གིས་འབད་བ་ཅིན་ འཆམ་རྒྱུགས་མཇལ་དགོཔ་ ཁག་ཆེ་ཟེར་ སྐུ་དྲུང་ལ་ལོ་གིས་ སླབ་མི་ལུ་བརྟེན་ རྫོང་ནང་འོང་ཟེར་ཨིན་པའི་ཁར་ མོ་གི་བུ་དང་ ཁོ་གི་བཟའ་ཚང་དེ་ འོང་མ་ཚུགས་རུང་ ཚེས་བཅུ་ཉིནམ་༣ བརྩི་སྲུང་འབདཝ་ད་ མཇལ་བར་འོང་ནི་གི་ རེ་བ་ཡོད་ཟེར་ བཤདཔ་ཨིན་པས།
བཀྲིས་སྒང་རབ་སྡེའི་ བླམ་གནས་བརྟན་ ཀརྨ་རང་གྲོལ་གྱིས་ བཤད་མིའི་ནང་ འཆམ་རྒྱུགས་ཕུལ་མི་དེ་ འཆམ་རྐྱབ་མི་ཚུ་ གྲ་སྒྲིག་ཡོད་མེད་ བལྟ་ནིའི་དོན་ལུ་ཨིནམ་མ་ཚད་ དེ་གིས་ མི་སེར་ཚུ་ལུ་ འཆམ་རྐྱབ་མི་ ག་དང་ག་ར་ཨིན་ན་དང་ ཁོང་གི་ལྕོགས་གྲུབ་ཚུ་ ངོས་འཛིན་འབད་ནི་ལུ་ ལྷན་ཐབས་བྱུངམ་ཨིན་ཟེར་ཨིནམ་ད་ འཆམ་རྒྱུགས་སྐབས་ ཉིན་གྲངས་གསུམ་གྱི་རིང་ སྤྱན་འབུལ་ཞུ་ནི་ཨིན་མི་ དགེ་སློང་དང་ འབོད་འཆམ་ཚུ་ག་ར་ ཉིནམ་གཅིག་ནང་ སྤྱན་འབུལ་ཞུཝ་ཨིན་པས།
བླམ་གནས་བརྟན་གྱིས་འབད་བ་ཅིན་ རྫོང་ཉམས་གསོ་ཞུ་མི་དེ་ མཇུག་བསྡུ་མི་དང་བསྟུན་ ལོ་ངོ་༤ གི་རྒྱབ་ལས་ རྫོང་གི་རྡོ་གཅལ་ནང་ གར་འཆམ་དང་བཅས་ ཚེས་བཅུ་བརྩི་སྲུང་འབད་མི་དེ་ འགོ་དང་པ་ཨིནམ་བཞིན་དུ་ མི་སེར་ཚུ་གིས་ཡང་ ཚེས་བཅུའི་དགོས་པ་དང་ཁུངས་ཚུ་ ཧ་གོ་ཐོག་ལས་ རང་ཚོགས་བསག་ནི་དང་ སྤྱིར་རྒྱལ་ཁབ་ཀྱི་ཕན་བདེའི་དོན་ལུ་ ཚེས་བཅུ་མཇལ་དགོ་ཟེར་ཨིན་པས།
ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཅིག་གིས་ སླབ་མིའི་ནང་ ཚེས་བཅུའི་སྐབས་ལུ་ སྤྲོ་བ་ཆེ་ཤོས་ར་ ཕོ་སྐྱེས་དང་ ཨམ་སྲུ་ཚུ་གིས་ བཟང་གོ་གྱོན་དེ་ གཟབ་སྤྲོས་རྡིག་མི་དེ་ཨིན་པའི་ཁར་ འདི་བཟུམ་མའི་ དུས་ཚོད་ནང་ ཆ་རོགས་ཚུ་དང་གཅིག་ཁར་ ནུབ་མོར་སྤྲོ་འཁྱམས་སྡོད་ནི་གི་ གོ་སྐབས་ཡང་ ཐོབ་ཚུགས་པས་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *