ཚེ་ཐར་བཏང་བའི་ཤུལ་ལུ་ ཧེང་སྐལ་ར་ དཀའ་སྡུག་མྱོང་བཅུག་དོ་ཡོདཔ།

༉ མནོ་མེད་དུད་འགྲོ་སེམས་ཅན་ཚུ་ སྲོག་སྐྱབས་འབད་ནིའི་དོན་ལུ་ ད་རེས་ནངས་པར་ སེམས་ཅན་ཚེ་ཐར་ཚོགས་པ་ཟེར་ ཚོགས་པ་ལེ་ཤ་ཅིག་ར་ གཞི་བཙུགས་འབད་དོ་ཡོད་པའི་ མངོན་གསལ་བྱུངམ་ད་ ང་བཅས་ར་འབྲུག་མི་ཚུ་ དགེ་སེམས་དང་ལྡན་པའི་ བརྡ་མཚོན་ཅིག་ཨིན་མས།
དེ་མ་ཚད་ རང་གི་ཕ་མར་གྱུར་པའི་ དུད་འགྲོ་སེམས་ཅན་ཚུ་ལུ་ བྱམས་དང་སྙིང་རྗེའི་ཐོག་ལས་ སྲོག་སྐྱབས་འབད་ནིའི་དོན་ལུ་ རྫོང་ཁག་ཚུ་ནང་ ཁས་བླངས་ཐོག་ལས་ སེམས་ཅན་ཚེ་ཐར་ཚོགས་པ་ གཞི་བཙུགས་འབད་ཚུགས་མི་དེ་ འབྲུག་མི་ཚུ་གིས་ ཕྱི་ཁའི་མི་ཚུ་ཡང་ དཔེ་སྟོན་བཏུབ་པའི་ གཞི་གནད་ཅིག་ཨིནམ་མ་ཚད་ འབྲུག་ཆོས་ལྡན་གྱི་རྒྱལ་ཁབ་དང་ ཆོས་སེམས་ལྡན་པའི་འབྲུག་མི་གཉིས་ དོན་མཐུན་པས།
ང་བཅས་ར་ འབྲུག་མི་ཚུ་གིས་ མནོ་མེད་སེམས་ཅན་ཚུ་ གཤན་པའི་ལགཔ་ལས་འཕྱོགས་ཏེ་ ཚེ་ཐར་གཏང་ནིའི་དོན་ལུ་ ཚེ་ཐར་ཚོགས་པ་ གཞི་བཙུགས་འབདཝ་མ་ཚད་ དམར་ཟས་སྤང་ནི་དང་ དཀར་ཟས་ལོངས་སྤྱོད་ནིའི་དོན་ལུ་ དུད་འགྲོ་རང་དབང་ཞི་བདེ་ཚོགས་པ་ཟེར་ གཞི་བཙུགས་འབད་མི་དེ་ མཐུན་མོང་མ་ཡིན་པའི་ ཁྱད་ཆོས་བཟང་པོ་ཅིག་ཨིནམ་མ་ཚད་ དེ་གིས་ འབྲུག་པའི་མི་སྡེ་ནང་ ཕན་རླབས་སྦོམ་སྦེ་ར་ བྱུང་སྟེ་འདུག།
ཧེ་མ་འབད་བ་ཅིན་ ས་ཕྱོགས་གཡུས་ཕྱོགས་ཚུ་ནང་ གསོན་པོའི་རིམ་གྲོ་དང་ གཤིན་པོའི་དགེ་རྩ་ དེ་ལས་ ལོ་དུས་ཀྱི་ལོ་ཆོག་ཚུ་གཏང་པའི་སྐབས་ ཤ་མེད་པ་ཅིན་ རྩ་ལས་མ་བཏུབ་བཟུམ་མའི་ སྣང་བ་ཤར་ཏེ་ ཤའི་ལག་ལེན་རྒྱ་ཆེ་དྲགས་སྦེ་ འཐབ་མི་དེ་ཡང་ གཅིག་ལས་བལྟ་བ་ཅིན་ དེ་བསྒང་ ཤ་ལག་ལེན་དང་འབྲེལ་བའི་ གོ་བརྡ་སྤྲོད་མི་ཚུ་ ད་རེས་བཟུམ་སྦེ་མེད་པའི་ སྐྱོན་འོང་ནི་ཨིན་མས།
ཕྱོགས་གཅིག་ལས་བལྟ་བ་ཅིན་ དེང་སང་ རྒྱལ་ཁབ་ཡར་རྒྱས་ཀྱི་འགྱུར་བ་དང་བསྟུན་ མི་ཚུ་གི་བསམ་སྤྱོད་དང་ ཤེས་རབ་ མནོ་ལུགས་ཚུ་ རང་བཞིན་གྱིས་ འགྱུར་འགྱོ་དོ་ཡོདཔ་ལས་ དམར་ཟས་ལོངས་སྤྱོད་ནི་དེ་ཡང་ སྡིག་པའི་ཆ་ལས་ཨིན་རུང་ རང་སོའི་འཕྲོད་བསྟེན་གྱི་ཆ་ལས་ཨིན་རུང་ ཧེ་མ་དང་ཕྱདཔ་ད་ མར་བབས་འགྱོ་བའི་ མངོན་གསལ་བྱུངམ་ཨིན་མས།
དེ་བཟུམ་སྦེ་ སེམས་ཅན་སྲོག་གཅོད་འབད་ནི་དེ་ཡང་ དེ་བསྒང་ ས་ཕྱོགས་གཡུས་ཕྱོགས་ཚུ་ནང་ མི་ཚུ་གིས་ བསད་ཤའི་དོན་ལུ་ཨིན་ཟེར་ ནོར་དང་ཕགཔ་ཚུ་ ལཱ་ཁག་སྦེ་ གསོ་སྐྱོང་འཐབ་པའི་མཐའ་མར་ བསད་དོ་ཡོད་མི་དེ་ཡང་ ད་རེས་ནངས་པར་ རེ་གཉིས་ལས་བརྒལ་ མཐོང་གསལ་མེད་མི་དེ་ ལེགས་པའི་རྟགས་མཚན་ཨིན་མས།
ང་བཅས་ར་ འབྲུག་མི་ཚུ་གིས་ དགེ་སྡིག་དཀར་ནག་གི་ལཱ་ཚུ་ དབྱེ་བ་ཕྱེ་ཤེས་ནི་དེ་གིས་ སེམས་ཅན་བསད་ནི་དང་ དམར་ཟས་ལོངས་སྤྱོད་ནི་ལས་ ག་དེ་དྲག་དྲག་ འཛེམ་ཐབས་འབད་མི་དེ་ ཡིད་ཆེས་དང་དཔའ་ཉམས་བསྐྱེད་པའི་ གཞི་ཅིག་ཨིན་རུང་ དེ་དང་བསྟུན་ འཐུས་ཤོར་དུམ་གྲ་རེ་ཡང་ བྱུངམ་ཨིན་མས།
དེ་ཡང་ ག་འཆར་ཟེར་བ་ཅིན་ ཚེ་ཐར་ཚོགས་པ་ལ་ལོ་ཅིག་གིས་ སྒོ་ནོར་སེམས་ཅན་ཚུ་ ཚེ་ཐར་བཏང་བའི་ཤུལ་ལུ་ ལེགས་ཤོམ་སྦེ་ བདག་འཛིན་མ་འཐབ་པར་ སྣང་མེད་སྦེ་ འཁྱམས་བཅུག་དོ་ཡོདཔ་མ་ཚད་ དུས་ཚོད་དང་བསྟུན་ ཐ་ན་ ལྟོ་ཡང་མ་བྱིན་པར་ བཞག་དོ་ཡོདཔ་ལས་ སེམས་ཅན་ཚུ་ ཞན་ཁོག་ཐལ་ཏེ་ ནདཔ་ཐོན་བཅུག་པའི་ ལོ་རྒྱུས་འདུག།
ཚོགས་པ་ཚུ་གིས་ སེམས་ཅན་ཚེ་ཐར་བཏང་མི་དེ་ དམིགས་ཡུལ་ལེགས་ཤོམ་ཨིན་རུང་ སེམས་ཅན་ཚུ་གི་དོན་ལུ་ ཞི་བདེ་དང་ རང་དབང་ ཉེན་སྲུང་འབད་ནིའི་ ལམ་སྟོན་ཅིག་མེདཔ་ལས་ ཚེ་ཐར་བཏང་བའི་ཤུལ་ལུ་ སེམས་ཅན་ཚུ་ ཧེང་སྐལ་ར་ དཀའ་སྡུག་མྱོང་བཅུགཔ་ཨིན་མས།
རྒྱུ་མཚན་འདི་ལུ་བརྟེན་ ཚེ་ཐར་ཚོགས་པ་ཚུ་གིས་ མཉམ་རུབ་ཐོག་ལས་ བཅའ་ཡིག་དང་སྒྲིག་གཞི་ ཡང་ན་ ལམ་སྟོན་སྒྲིང་སྒྲི་ཅིག་བཟོ་བ་ཅིན་ དགེ་བའི་ལཱ་ལུ་བརྟེན་ སྡིག་པ་བསག་དགོཔ་ མི་འཐོན་ནི་ཨིན་མས།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *