༉ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ འབྲུག་མི་༢ དང་ རྒྱ་གར་གྱི་ མི་ཁུངས་༡ ལུ་ ཚུལ་མིན་ཐོག་ལས་ ཚོང་འབྲེལ་ཆོག་ཐམ་ གླ་ཁར་བྱིན་ཏེ་ བར་འཐུས་ཀྱི་ ཁེ་སང་ཐོབ་ཡོད་མི་ཚུ་ གཞུང་རྩིས་ནང་ སོར་ཆུད་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
དེ་ཡང་ དྲུང་ཁག་ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ཆོས་བཟང་བཀྲིས་ཀྱིས་ ཁོ་རའི་ནང་མི་ཨིན་མི་ བསྟན་འཛིན་སྒྲོལ་དཀར་གྱི་ མིང་ཐོ་ཁར་ ཆོག་ཐམ་༢ ལེན་མི་དེ་ རྒྱ་གར་གྱི་མི་ཁུངས་ཨིན་མི་ རཱ་ཇིབ་བཱན་ས་ལི་ལུ་ སྤྱོད་བཅུག་སྟེ་ བར་འཐུས་དངུལ་ཀྲམ་༢༡༥,༤༡༦ ལེན་ཡོད་མི་དེ་དང་ ཆོག་ཐམ་རེ་ལུ་ ཉེས་བྱ་དངུལ་ཀྲམ་༡༠,༠༠༠ རེ་རྩིས་རྐྱབ་སྟེ་ གཞུང་རྩིས་སུ་ སོར་ཆུད་འབད་དགོ་པའི་ འཁྲུན་ཆོད་གནང་ནུག།
དེ་ལས་ བསོད་ནམས་བཟང་མོའི་ མིང་ཐོ་ཁར་ ཆང་བི་ཡར་གྱི་དོན་ལུ་ ཆོག་ཐམ་ལེན་ཡོད་མི་དེ་ རྒྱ་གར་གྱི་མི་ཁུངས་ སུ་ནིལ་ཨ་གར་ཝཱལ་ལུ་ བར་འཐུས་དངུལ་ཀྲམ་༡༥༥,༠༠༠ ལེན་ཏེ་ སྤྱོད་བཅུག་པའི་ཁར་ ཡེ་ཤེས་རྩི་ས་ལས་སྡེ་དང་ ཆོག་ཐམ་དེ་ཡང་ ཕྱི་མི་ལུ་སྤྱོད་བཅུག་ཡོད་པའི་ ཉེས་ཆས་ཚུ་བརྩིས་ཏེ་ དངུལ་ཀྲམ་༤༡༠,༤༡༦ འཁྲུན་ཆོད་བཏོན་པའི་ཉིནམ་ལས་ ཟླཝ་༣ གྱི་ནང་འཁོད་ལུ་ གཞུང་རྩིས་ནང་ སོར་ཆུད་འབད་དགོ་ཟེར་ འཁྲུན་ཆོད་གནང་བཀོད་ནུག།
དེ་མ་ཚད་ ཆོས་བཟང་བཀྲིས་ཀྱིས་ ལེན་ཡོད་མི་དང་ རྩོད་བཤེར་དེ་ནང་ འབྲེལ་བ་ཐོན་མི་ ཚོང་འབྲེལ་ཆོག་ཐམ་ཚུ་ག་ར་ ཆ་མེད་གཏང་དགོ་པའི་ འཁྲུན་ཆོད་གནང་ནུག།
ཉེས་ཅན་༢ པ་ བསྟན་འཛིན་སྒྲོལ་དཀར་གྱིས་ མོ་རའི་མིང་ཐོ་ཁར་ལེན་མི་ ཚོང་འབྲེལ་ཆོག་ཐམ་དེ་ཡང་ གླ་ཁར་སྤྲོད་དེ་ དངུལ་ཀྲམ་༡༦༨,༠༠༠ ཁེ་ཕན་ཐོབ་མི་དེ་ཡང་ འཁྲུན་ཆོད་བཏོན་པའི་ཉིནམ་ལས་ ཟླཝ་༢ ཀྱི་ནང་འཁོད་ལུ་ གཞུང་རྩིས་ནང་ བཙུགས་དགོ་ནི་ཨིན་པས།
རྩོད་ཟླ་༣ པ་ རྒྱ་གར་གྱི་མི་ཁུངས་ཨིན་མི་ ར་ཇིབ་བཱན་ས་ལི་གིས་ བསོད་ནམས་བི་ཡར་ལས་སྡེ་གི་ ཆོག་ཐམ་དེ་ རྒྱ་གར་གྱི་མི་ཁུངས་ རཱ་ཇེན་དར་སིང་པཱལ་ལུ་ གླ་ཁར་སྤྲོད་དེ་ དངུལ་ཀྲམ་༡༠༠,༠༠༠ ཁེ་ཕན་ཐོབ་ཡོད་མི་དང་ ཉེས་བྱ་དངུལ་ཀྲམ་༡༠,༠༠༠ བརྩིས་ཏེ་ སོར་ཆུད་འབད་དགོཔ་ཨིན་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ མི་ངོམ་དེ་ལས་ ཧེ་མ་ལས་ གློད་གྲོལ་གྱི་འཐུས་ དངུལ་ཀྲམ་༣,༢༡༢,༣༡༣ བཙུགས་བཅུག་ཡོད་མི་དེ་ལས་ བཏོགས་བཞག་སྟེ་ ལྷག་ལུས་དངུལ་ཀྲམ་༣,༡༠༢,༣༡༣ དེ་ ལོག་རྩོད་ཟླ་ལུ་སྤྲོད་དགོ་པའི་ འཁྲུན་ཆོད་གནང་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རཱ་ཇིབ་བཱན་ས་ལི་གིས་ རྒྱལ་ཁབ་ནང་ ནང་འདྲེན་འབད་མི་ལས་ཐོབ་མི་ སྐྱེད་དངུལ་ཀྲམ་༣༡༨,༣༡༨ གཞུང་ལུ་སོར་ཆུད་འབད་དགོ་པའི་ ཞུ་བ་འབད་མི་དེ་ལུ་ ཁྲིམས་འདུན་གྱིས་ ཞིབ་དཔྱད་འབད་བའི་སྐབས་ བདེན་རྫུན་རུང་བའི་ ར་ཁུངས་མིན་འདུག་ཟེར་ ཕྱིར་འབུད་འབད་ཡོདཔ་ཨིན་པས།
ཆོས་བཟང་བཀྲིས་ཀྱིས་ ཆོག་ཐམ་ཚུ་ གླ་ཁར་གཏང་ནིའི་དོན་ལུ་ བསྟན་འཛིན་སྒྲོལ་དཀར་མིང་ཐོ་ལུ་ ཆང་བི་ཡར་སྦུང་ཚོང་དང་ སིལ་ཚོང་གི་ ཆོག་ཐམ་ལེན་པའི་ཁར་ བསོད་ནམས་བཟང་མོའི་ མིང་ཐོ་ཁར་ བི་ཡར་ལས་སྡེ་གི་སྦུང་ཚོང་ཆོག་ཐམ་ དེ་ལས་ ཡེ་ཤེས་བཟང་མོའི་ མིང་ཐོ་ལུ་ རྩི་སའི་ཆོག་ཐམ་ལེན་ཏེ་ གླ་ཁར་བཏང་ཡོདཔ་ཨིན་པས།
ཆོག་ཐམ་གླ་ཁར་ལེན་མི་ རཱ་ཇིབ་བཱན་ས་ལི་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ངག་བརྗོད་བྱིན་མིའི་ནང་ ཁོ་གིས་ སྤྱི་ལོ་༢༠༠༦ དང་༢༠༠༧ ལུ་ ཆོག་ཐམ་སྤྱོད་པའི་འཐུས་ དངུལ་ཀྲམ་༣༠,༠༠༠ དང་ སྤྱི་ལོ་༢༠༠༨ ལས་༢༠༡༡ གི་བར་ན་ཡང་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་༣༥,༠༠༠ རེ་ ཆོས་བཟང་བཀྲིས་ལུ་ སྤྲོད་དེ་ཡོད་ཟེར་ བྱིན་ཡོདཔ་ཨིན་པས།
བྱ་ངན་དེ་ འབྲུག་གི་ཚོང་ལཱ་དང་བཟོ་གྲྭའི་ལག་ལེན་ སྤྱིར་བཏང་ལམ་སྟོན་༡༩༩༧ དང་འཁྲིལཝ་ད་ ཚོང་འབྲེལ་གྱི་ཆོག་ཐམ་དེ་ མི་གཞན་ལུ་ གླ་ཁར་གཏང་མ་ཆོག་པའི་ཁར་ གཏང་སར་མཐོང་པ་ཅིན་ ཉེས་བྱ་དངུལ་ཀྲམ་༡༠,༠༠༠ དང་ ཆོག་ཐམ་ཆ་མེད་བཏང་དགོཔ་སྦེ་ ཡོདཔ་ཨིན་པས།
ཆོས་བཟང་བཀྲིས་ཀྱིས་ ནང་མི་ཚུ་གི་ མིང་ཐོ་ཁར་ ཆོག་ཐམ་ལེན་ནིའི་དོན་ལུ་ ལག་རྟགས་ཚུ་ རྫུས་མ་རྐྱབ་སྟེ་ ལེན་ཡོད་པའི་ཁར་ དེ་བཟུམ་མའི་ བྱ་ངན་འབད་མི་དེ་གིས་ རྒྱ་གར་གྱི་ རུ་པིའི་དཀའ་ངལ་སྦོམ་ འཐོན་ནི་ལུ་ ལྷན་ཐབས་འབད་ཡོདཔ་ ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།