ཚུལ་མིན་གྱི་ ཚོང་འབྲེལ་ཚུ་ བཀག་ཐབས་འབད་ནི་ལུ་ དྲན་པ་བཏོན་དགོཔ།

༉ རྒྱ་གར་ལུ་ ཅ་དངོས་དང་ཞབས་ཏོག་གི་ཁྲལ་ འགོ་བཙུགས་མི་ལུ་བརྟེན་ ཕུན་ཚོགས་གླིང་ལུ་ སྐྱ་ནམ་གྱི་གོང་ཚད་ཚུ་ དོ་འགྲན་ཅན་ཅིག་ལུ་ གྱུར་ཡོདཔ་བཞིན་དུ་ ཚོང་འབྲེལ་འགོ་དཔོན་ཚུ་ རྒྱལ་ཁབ་ཀྱི་ ཚོང་འབྲེལ་ས་ཁོངས་ལྟེ་བ་དེ་ནང་ ཚུལ་མིན་གྱི་ ཚོང་འབྲེལ་ཆོག་ཐབ་ཕྱི་མི་ཚུ་ལུ་ གླར་སྤྱོད་འབད་བཅུག་ནི་ཚུ་ བཀག་ཐབས་འབད་ནི་ལུ་ དྲན་ཤེས་བཏོན་དོ་ཡོདཔ་ཨིན་པས།
ཨིན་རུང་ ཁྲལ་བསྐྱར་ཞིབ་མ་འབད་བའི་ཧེ་མ་དང་ ཤུལ་ལས་སྤྲོད་ཡོད་པའི་ ཚོང་འབྲེལ་ཆོག་ཐམ་ཚུ་ལུ་ བལྟ་བ་ཅིན་ བརྡ་དོན་མ་འདྲ་བའི་ཐོག་ ཉེན་ཁ་མེདཔ་སྦེ་ མཐོངམ་ཨིན་པས།
དེ་ཡང་ ཕུན་ཚོགས་གླིང་ལུང་ཕྱོགས་ཚོང་འབྲེལ་ཡིག་ཚང་གི་ ཐོ་དང་འཁྲིལཝ་ད་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༡༧ ལས་སྤྱི་ཟླ་༨ པའི་ཚེས་༡༡ ཚུན་ ཆུ་ཁ་རྫོང་ཁག་ནང་ སིལ་ཚོང་གི་དོན་ལུ་ ཆོག་ཐམ་༢༥ དང་ ཚོང་འབྲེལ་ཆེ་བའི་ཆོག་ཐམ་༡༨ དེ་ལས་ སྦུང་ཚོང་གི་ཆོག་ཐམ་༩ སྤྲོད་ཡོདཔ་ཨིན་པས།
ཨིན་རུང་ སྤྱི་ཟླ་༡ པའི་ཚེས་༡ ལས་༧ པའི་ཚེས་༥ ཚུན་ ལས་ཁུངས་ཀྱིས་ ཚོང་འབྲེལ་ཆེ་བའི་ཆོག་ཐམ་༡༡༥ དང་ སིལ་ཚོང་གི་དོན་ལུ་༩༨ སྦུང་ཚོང་གི་དོན་ལུ་༢༠ སྤྲོད་ཡོདཔ་ཨིན་པས།
ལུང་ཕྱོགས་ཚོང་འབྲེལ་མདོ་ཆེན་ དཔལམོ་བུ་དར་གྱིས་ སླབ་མིའི་ནང་ ས་ཁོངས་དེ་ ས་མཚམས་ཁར་འབདཝ་ལས་ ཚུལ་མིན་གྱི་ ཚོང་འབྲེལ་འཐོན་ནིའི་ ཉེན་ཁ་ཡོདཔ་ཤེསཔ་བཞིན་དུ་ བཀག་ཐབས་ཀྱི་དོན་ལུ་ འབྲེལ་ཡོད་དབང་འཛིན་ཚུ་དང་ མཉམ་འབྲེལ་འབད་བའི་བསྒང་ ཡོད་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ ཚོང་འབྲེལ་ལས་ཁུངས་དང་ ཅ་དམ་ཡིག་ཚང་༢ ཀྱི་བར་ན་ཡང་ འཕྲལ་མགྱོགས་ར་ ཞལ་འཛོམས་འཚོགས་ནི་ ཨིན་ཟེར་ཨིན་པས།
དཔལམོ་བུ་དར་གྱིས་ བཤད་མིའི་ནང་ མོ་རའི་ཡིག་ཚང་གིས་ རྒྱ་གར་ལུ་ ཅ་དངོས་དང་ཞབས་ཏོག་གི་ཁྲལ་ འགོ་མ་བཙུགས་པའི་ ཧེ་མ་ལས་ར་ ཚུལ་མིན་གྱི་ཚོང་ལཱ་ཚུ་ལུ་ ལྟ་རྟོག་འབད་བཞིན་དུ་ ཡོད་ཟེར་ཨིནམ་ད་ ཆོག་ཐམ་ཚུ་ སྤྲོད་པའི་སྐབས་ལུ་ཡང་ མི་དེ་ལུ་ ཚོང་འབྲེལ་ཁང་ཚུ་ ཚུལ་དང་མཐུན་ཏོག་ཏོ་ཡོད་མི་ བལྟ་ནི་ཡོད་ཟེར་ཨིན་པས།
དེ་མ་ཚད་ ཚོང་པ་ཚུ་གིས་ རང་སོའི་ ཚོང་འབྲེལ་ཆོག་ཐམ་ཚུ་ བསྐྱར་གསོ་འབད་བར་ འོང་བའི་སྐབས་ལུ་ཡང་ ཚོང་ཁང་ཚུ་ ལེགས་ཤོམ་སྦེ་ གཞི་བཙུགས་འབད་མ་འབད་ བལྟ་ནི་ཡོད་ཟེར་ཨིན་པས།
ཚོང་འབྲེལ་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ཅ་དངོས་དང་ཞབས་ཏོག་གི་ཁྲལ་ འགོ་བཙུགས་མི་དང་འཁྲིལ་ ད་ལས་ཕར་ ཚོང་འབྲེལ་གྱི་ ཆོག་ཐམ་སྤྲོད་ནི་དེ་ ཁྲིམས་ལུགས་བཙན་ཏོག་ཏོ་སྦེ་ ལག་ལེན་འཐབ་ནི་དང་ ཟླ་ངོ་༢ དང་༣ རེ་གི་བར་ན་ཚར་རེ་ དབྱེ་ཞིབ་འབད་ནི་ ཨིན་ཟེར་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཕུན་ཚོགས་གླིང་གི་ ཚོང་པའི་ངོ་ཚབ་ བློ་བཟང་ཚེ་རིང་གིས་ སླབ་མིའི་ནང་ ཚོང་འབྲེལ་ལས་ཁུངས་ཀྱིས་ ཆོག་ཐམ་ཚུ་ སྤྲོད་ཚར་བའི་ཤུལ་ལུ་ཡང་ དབྱེ་ཞིབ་ཚུ་ འཕྲལ་འཕྲལ་སྦེ་ར་ གནང་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
དེ་མེན་པ་ཅིན་ ཆོག་ཐམ་དེ་ར་ འཐོབ་ཚར་བའི་ཤུལ་ལུ་ ཚོང་འབྲེལ་ཁང་དེ་ ས་གནས་གཞན་ཁར་ སྤོ་བཤུད་འབད་འགྱོ་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
བློ་བཟང་ཚེ་རིང་གིས་ བཤད་མིའི་ནང་ ད་ལས་ཕར་ ནང་འདྲེན་འབད་བའི་ཅ་ཆས་ཚུ་ ཕུན་ཚོགས་གླིང་ལས་ ཁ་བསྒྱུར་འགྱོ་བའི་ དཀའ་ངལ་ཐོན་པའི་ ཉེན་ཁ་ཡོདཔ་ད་ མཇུག་ལུ་ དེ་བཟུམ་མའི་གནད་དོན་ འཐོན་སྲིད་ཟེར་ཨིན་པས།
ས་མཚམས་ས་ཁོངས་དེ་ནང་ བར་འབྲེལ་ཁེ་སང་གི་དོན་ལུ་ ཆོག་ཐམ་ཚུ་ ཚུལ་མིན་སྤྱོད་ནིའི་ ཉེན་ཁ་ཡོད་མི་དང་འཁྲིལ་ སྤྱི་ལོ་༢༠༡༥ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ གནད་དོན་ཁག་དག་པ་ཅིག་ལུ་ ཞིབ་དཔྱད་འབད་ཡོདཔ་ཨིན་པས།
ད་རེས་ཁམས་ ཕུན་ཚོགས་གླིང་ལུ་ ཚོང་འབྲེལ་ངོ་ཚབ་ཚུ་དང་ འབྲེལ་བ་འཐབ་པའི་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ དངུལ་རྩིས་བློན་པོ་༢ ཀྱིས་ ཕུན་ཚོགས་གླིང་ལུ་ སྐྱ་ནམ་གྱི་གོང་ཚད་ མར་བབས་འགྱོ་མི་དང་འཁྲིལ་ ཉེན་ཁ་འོང་ནི་ཨིན་པའི་སྐོར་ལས་ གསུངས་ནུག།
བློན་ཆེན་གྱིས་ འབྲུག་ལུ་ནང་འདྲེན་འབད་མི་ སྐྱ་ནམ་གྱི་རིགས་ཚུ་ ལོག་ཕྱི་ཁར་འགྱོ་བཅུག་ནི་ མི་འོང་ཟེར་བའི་ དྲན་བསྐུལ་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཉི་མ་དབང་འདུས།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *