ཚད་ལས་བརྒལ་དོ་ཡོད་པའི་མངོན་གསལ།

༉ ད་རེས་ནངས་པར་ སྲིད་ཚོགས་ཀྱི་ རྒྱབ་སྐྱོར་པ་ སེམས་ཤུགས་ཅན་ལ་ལོ་གིས་ འཕྲལ་གྱི་ཁེ་ཕན་ལུ་བལྟ་སྟེ་ ཚོགས་པའི་ལཱ་འབདཝ་ད་ འཚམས་ཚོད་ལུ་ གཞི་བཟུང་འབད་མི་ཚུགས་པས།

འཕྲལ་ཁམས་ཅིག་ཁར་ རྒྱལ་བརྒྱུད་ཀྱི་རིང་ལུགས་ སྲིད་དོན་ནང་ སྦྲེལ་མར་འབད་ཐོག་ལས་ ཞབས་འདྲེན་འབད་བའི་ སྒྲ་འཛིན་དེ་ མི་སྡེ་བརྡ་བརྒྱུད་ནང་ ཁྱབ་སྤེལ་སོང་ཡོད་མི་གིས་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་ ཡ་གལ་དུ་གྱུར་བའི་ བྱ་གནད་ཅིག་ཨིན་མས།

དེ་ཡང་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༡༥ རྩ་དོན་༢ པའི་ནང་ འབྲུག་རྒྱལ་པོ་མཆོག་ སྐུ་ཉིད་ཀྱི་ མཛད་འཕྲིན་ལུ་བརྟེན་ ཁྲིམས་ཀྱི་འདུན་ས་ཅིག་ནང་ ལན་འདེབས་ལས་འདས་པའི་ཁར་ རྒྱལ་པོ་མཆོག་གི་ ངོ་བོ་དྲི་མས་མ་གོས་པ་ཅིག་ཨིན་ཟེར་ འཁོད་ཡོདཔ་མ་ཚད་ རྩ་ཚན་༨ པའི་གཞི་རྟེན་འགན་ཁུར་གྱི་ རྩ་དོན་༡༡ པའི་ནང་ མི་ག་ར་གིས་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ཚུ་ལུ་ བརྩི་བཀུར་ཞུ་ནི་དང་ འདི་ལུ་གནས་དགོ་པའི་འགན་ཁུར་དང་ ཁག་འགན་ཡོད་ཟེར་འཁོད་ཡོད།

དེ་འབདཝ་ལས་ འདི་བཟུམ་མའི་ གནོད་ཉེན་དང་ འཇིགས་སྣང་ཚུ་ བཀག་འཛིན་དང་ ག་ནི་བ་རྩ་ཆེ་བའི་ རྒྱལ་བརྒྱུད་ཀྱི་རིང་ལུགས་ དུས་དང་རྣམ་པ་ཀུན་ཏུ་ ཉེན་སྐྱོབ་འབད་ནིའི་དོན་ལུ་ རྩ་ཁྲིམས་ཅན་གྱི་ འགན་ཁུར་འབག་ནི་ཚུ་ འབྲུག་མི་ཡོངས་དང་ རྒྱལ་ཁབ་ནང་གི་ གཙུག་སྡེ་ག་ར་ལུ་ཕོགཔ་ཨིན།

དེ་ལས་ ཚོགས་པའི་འགོ་འཛིན་དང་ འཐུས་མི་ཚུ་གིས་ རང་སོའི་ཚོགས་པའི་ལས་བྱེདཔ་དང་ རྒྱབ་སྐྱོར་པ་ སྤྲོ་བ་སྦོམ་བསྐྱེད་མི་ཚུ་ལུ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ཚུ་ལས་འགལ་བའི་ བྱ་ངན་ཚུ་ འབད་མ་བཅུག་པར་ བཞག་ནི་དང་ འཛེམ་ཐབས་འབད་དགོ་པའི་ ཁ་བཀོད་དང་ དྲན་གསོ་འབད་ནིའི་ འགན་ཁུར་སྦོམ་ འབག་དགོཔ་ཡོདཔ་ད་ འདི་བཟུམ་མའི་ མི་ངན་ཚུ་ ཚར་བཅད་དགོཔ་མ་ཚད་ འབྲེལ་ཡོད་དབང་འཛིན་ཚུ་གིས་ བྱ་ངན་འཐབ་མི་ཚུ་ལུ་ གདོང་ལེན་དམ་སྒྲིང་འབད་དགོ།

འབྲུག་རྒྱལ་པོ་མཆོག་ རྒྱལ་ཁབ་དང་ འབྲུག་པའི་མི་སེར་གཅིག་མཐུན་གྱི་ བརྡ་མཚོན་ཨིནམ་ལས་ མི་སེར་ལས་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཐ་དམ་ཚིག་དང་ གུས་ཞབས་ཞུ་དགོཔ་བཞིན་དུ་ རྒྱལ་ཁབ་ཀྱི་ སྲོག་ཤིང་དང་ ཆོས་སྲིད་གཉིས་ཆ་རའི་བསྟན་པ་འཛིན་མི་ འབྲུག་རྒྱལ་པོ་མཆོག་ ཇི་སྲིད་ནམ་གནས་ཀྱི་བར་དུ་ འབྲུག་རྒྱལ་ཁབ་ཀྱི་ རང་བཙན་བརྟན་ཐབས་དང་ འདོད་དབང་གི་ དཔལ་ཡོན་དང་ལྡནམ་སྦེ་ གནས་ཐབས་ལུ་ རྩ་ཆེ་ཤོས་ཅིག་ཨིན།

དེ་འབདཝ་ལས་ སྲིད་དོན་ཚོགས་པ་དང་ བཙག་འཐུ་གྲུབ་མི་གཞུང་གིས་ གནད་དོན་དེ་ཚུ་ གོང་ལུ་བཀུར་ཏེ་ ཕྱག་ཞུ་དགོ། དབང་ཚད་ལུ་ དད་པ་ཆེ་དྲགས་དང་ འཕྲལ་གྱི་མཐའ་དོན་ཁོ་ནར་བརྩོན་མི་ སྲིད་ཚོགས་ཀྱི་ལས་བྱེདཔ་ ཡང་ཅིན་ རྒྱབ་སྐྱོར་པ་ཚུ་གིས་ ཐ་དམ་ཚིག་དང་ གུས་ཞབས་མེད་པའི་སྒོ་ལས་འབད་བ་ཅིན་ ང་བཅས་ར་ དམངས་གཙོའི་རིང་ལུགས་ཀྱི་ བྱ་རིམ་དེ་ མེདཔ་གཏང་ནི་དང་ རྒྱལ་ཁབ་ཀྱི་ བཙན་ཐབས་དང་ རང་དབང་རང་བཙན་ལུ་ ཐོ་བཀལ་ནིའི་ཉེན་ཁ་སྦོམ་འདུག།

ཐ་དམ་ཚིག་མེད་པའི་ མི་ངན་ཚུ་ རྒྱལ་ཁབ་ཕྱི་ནང་ག་ཏེ་ལས་ཨིན་རུང་ འབྲུག་རྒྱལ་པོ་དང་ འབངས་མི་སེར་གྱི་བར་ན་ དམིགས་བསལ་གྱི་ མཛའ་བརྩེ་དང་ གུས་བཀུར་ག་དེམ་ཅིག་ཡོདཔ་ཨིན་ན་ ཧ་མ་གོ་བས།

ད་ལྟོ་དང་ མ་འོངས་པའི་ སྲིད་དོན་ཚོགས་པ་ཚུ་གིས་ རྒྱལ་བརྒྱུད་རིང་ལུགས་ཀྱི་ མཚན་བརྗོད་ནི་དང་ ཞབས་འདྲེན་འབད་ནི་ཚུ་ རྩ་བརྟན་ལས་འཛེམ་དགོཔ་མ་ཚད་ རང་མོས་དང་ རྣམ་དག་གི་སྒོ་ལས་ བཙག་འཐུ་འགོ་འདྲེན་འཐབ་ནི་གི་ འགན་དབང་སྤྲོད་དེ་ཡོད་མི་ བཙག་འཐུ་ལྷན་ཚོགས་ལུ་ རྒྱལ་བརྒྱུད་ཀྱི་རིང་ལུགས་ སྲིད་དོན་ལས་འདས་པའི་ཡུལ་ལུ་གནས་དགོཔ་ ངེས་བརྟན་བཟོ་ནིའི་ འགན་ཁུར་ཡོདཔ་ཨིན།

ཨིན་རུང་ མནོ་ལུགས་ཀྱི་ ཁྱབ་ཁྱོན་ཆེར་ཉུང་ཅན་གྱི་ ངོ་རྐྱང་ཚུ་གིས་ སྲིད་དོན་ཚོགས་པ་ཚུ་ལུ་ རྒྱབ་སྐྱོར་ཚད་མེད་ཐོག་ གོངམ་ལུ་ཞབས་འདྲེན་འབད་ཡོད་རུང་ བཙག་འཐུ་ལྷན་ཚོགས་ཀྱི་ ཁ་ཐུག་ལས་ བྱ་ངན་འབད་མི་ཚུ་ དམ་འཛིན་འབད་ནི་མེད་མི་ལུ་ སེམས་ཕམ་བྱུང་པའི་ གཞི་གནད་ཅིག་ཨིནམ་ད་ ལྷན་ཚོགས་ཀྱིས་ བཙག་འཐུའི་དུས་ཡུན་སྐབས་ མི་སྡེ་བརྡ་བརྒྱུད་ལྟ་རྟོག་འབད་འོང་ཟེར་ ཁས་ལེན་འབད་ཡོད་རུང་ ད་རེས་འབད་བའི་བསྒང་ལས་ ལྷན་ཚོགས་ཀྱིས་ མངོན་གསལ་ཆེ་བའི་ གྲུབ་འབྲས་ག་ཅི་བཏོན་ཡོདཔ་ཨིན་ན་ མི་མང་གིས་ བསམ་ཞིབ་འབད་དགོ་པའི་ དུས་ཚོད་ལུ་ལྷོད་དེ་འདུག།

དབྱེ་ཁག་བཟོ་བའི་ སྲིད་དོན་བྱ་ངན་གྱི་ ལྷད་ཞུགས་མིའི་ནང་ རྒྱལ་བརྒྱུད་གྱི་རིང་ལུགས་འདྲུད་ནི་དེ་ དམངས་གཙོའི་རིང་ལུགས་ཀྱི་ གཞི་རྩ་ལས་ འགལཝ་མ་ཚད་ དད་པ་ལོག་པའི་ བྱ་སྤྱོད་ཨིནམ་ད་ ཚ་གྱང་དང་ སེམས་འཚུབ་ཅན་གྱི་ མི་སྡེ་དང་ སོར་བསྒྱུར་གྱི་ ལམ་ཕྱོགས་ལུ་ཞུགསཔ་ད་ སྲིད་དོན་ཚོགས་པ་ཚུ་དང་ ཚོགས་པའི་ལས་བྱེདཔ་ཚུ་གིས་ རྒྱལ་ཁབ་གཅིག་སྒྲིལ་གྱི་ བརྡ་མཚོན་ཨིན་མི་ མངའ་བདག་རྒྱལཔོ་མཆོག་ལུ་ ཞབས་འདྲེན་ཞུ་ནི་གི་ བློ་ཁོག་བསྐྱེད་ནི་ རྩ་ལས་མི་འོང་ཟེར་ ཞུ་ནི་ཨིན།

About admin

Check Also

རྒྱུ་དངོས་གསལ་སྟོན་འབད་ནིའི་ དུས་ཚོད་ཕར་འགྱངས་འབད་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ཀྱི་ཁྲིམས་དང་ ལམ་ལུགས་ཚུ་དང་འཁྲིལ་ ལོ་བསྟར་བཞིན་དུ་ རྒྱུ་ནོར་ལ་སོགས་པའི་རིགས་ ག་ཅི་ར་ ཉོ་སྒྲུབ་འབད་ཡོདཔ་ཨིན་ན་དང་ སྤྱི་གཡོགཔ་གི་ མིང་ཐོ་ཁར་ རྒྱུ་དངོས་འཆང་ཡོད་མི་ཚུ་ གསལ་སྟོན་འབད་དགོཔ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ ང་བཅས་ག་ར་གིས་ མ་ཤེསཔ་མེད་ཟེར་ཞུ་ནི། སྤྱི་ཟླ་༦ …

Leave a Reply

Your email address will not be published. Required fields are marked *