༉ དར་དཀར་ནང་ ཚང་ཁ་འབྲིང་རིམ་སློབ་གྲྭ་འོག་མ་དེ་ འབྲིང་རིམ་སློབ་གྲྭ་བར་མ་ལུ་ རྒྱ་སྐྱེད་འབད་ནི་དེ་གིས་ ས་གནས་ཀྱི་མི་ཚུ་ སེམས་དགའ་སྟེ་ཡོདཔ་ཨིན་པས།
ཚང་ཁ་ལུ་ སྡོད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ཀྱི་ མི་སྡེ་གཞན་ཚུ་ནང་ སློབ་གྲྭ་ལྟེ་བ་ལུ་ རྒྱ་སྐྱེད་འབད་ནིའི་དོན་ལུ་ སློབ་གྲྭ་འོག་མ་ཚུ་ སྒོ་བསྡམས་ཡོདཔ་ལས་ སློབ་གྲྭ་རྒྱ་སྐྱེད་འབད་ནིའི་ རེ་བ་མ་བསྐྱེད་ཟེར་ཨིན་པས།
པ་ཏེ་ཁ་ལས་ སྐྱེས་ལོ་༥༤ ལང་མི་ ཆོས་སྐྱིད་ཀྱིས་སླབ་མིའི་ནང་ སློབ་གྲྭ་རྒྱ་སྐྱེད་འབད་མི་དེ་གིས་ ཁོ་གི་ ཨ་ལོ་ཚུ་ སློབ་གྲྭ་ནང་ ནང་སྡོད་སློབ་ཕྲུག་སྦེ་སྡོད་རུང་ ཁྱིམ་ནང་ལས་ ཐག་རིང་སར་ འགྱོ་མི་དགོ་པས་ཟེར་ཨིནམ་ད་ ད་ལྟོ་ ཁོ་གི་ བུ་༡ དང་བུམོ་༡ ཚང་ཁ་སློབ་གྲྭ་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ཨིན་པས།
ཁོ་གིས་ འབད་བ་ཅིན་ སློབ་གྲྭ་ནང་ ཉལ་ཁྱིམ་མེདཔ་ལས་ ཁོ་གི་ཨ་ལོ་ཚུ་ དྲོ་མཛར་བཟའ་བར་ ལྷོད་ནིའི་དོན་ལུ་ དྲོ་པའི་ཆུ་ཚོད་༥ དེ་ཅིག་ལས་ འགྱོ་དགོཔ་ལས་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ འགོར་དོ་ཡོད་མི་ལུ་བརྟེན་ ཁྱིམ་ལཱ་ཚུ་འབད་མི་ཚུགས་པས་ཟེར་ཨིནམ་ད་ ཨིན་རུང་ ད་རེས་ སློབ་གྲྭ་རྒྱ་སྐྱེད་འབད་མི་དེ་ གནས་ཚུལ་ལེགས་ཤོམ་ཅིག་ ཨིན་མས་ཟེར་བཤདཔ་ཨིན་པས།
ཅཱན་ད་ར་བྷ་དུར་ ཅུ་ཝཱན་གྱིས་ སླབ་མིའི་ནང་ གཡུས་ཚན་ནང་ ཨ་ལོ་ཚུ་གི་ སློབ་གྲྭའི་སྒྲིག་གོ་ ཉོ་བྱིན་མ་ཚུགས་པའི་ཁར་ གཡུས་ཁ་ལས་ གཞན་ཁར་ཡང་ བཏང་མ་ཚུགས་མི་ ཕམ་ཉམ་ཚུ་ཡོདཔ་ལས་ སློབ་གྲྭ་རྒྱ་སྐྱེད་འབད་མི་དེ་གིས་ ཟད་འགྲོ་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
ཚང་ཁ་འབྲིང་རིམ་སློབ་གྲྭ་འོག་མ་དེ་ དུས་ཅི་ འབྲིང་རིམ་སློབ་གྲྭ་བར་མ་ལུ་ རྒྱ་སྐྱེད་འབད་ཡོདཔ་ད་ སློབ་གྲྭ་དེ་ནང་ སློབ་ཕྲུག་༤༤༠ དེ་ཅིག་ ཡོད་མིའི་གྲས་ལས་༢༢༠ དེ་ཅིག་ བུམོ་ཨིནམ་བཞིན་དུ་ ནང་སྡོད་སློབ་ཕྲུག་བུམོ་༡༢༨ དང་ བུཚ་༡༥༢ ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་ཚུལ་ཁྲིམས་ཀྱིས་ སླབ་མིའི་ནང་ ཁྱིམ་ཚུ་ཆུང་ཀུ་ཡོད་རུང་ སློབ་གྲྭ་གིས་ ད་ལྟོ་ཡོད་པའི་ ཉལ་ཁྱིམ་ཚུ་ནང་ སློབ་ཕྲུག་ཚུ་ བཞག་སྟེ་ཡོདཔ་ལས་ ཁང་ཚན་༡ ནང་ སློབ་ཕྲུག་༣༠ དེ་ཅིག་ ཤོང་ཚུགས་དོ་ཡོདཔ་ད་ ཧེ་མའི་ ཁང་ཚན་རྙིངམ་ཚུ་ མེད་པ་ཅིན་ སློབ་ཁང་ མ་ལང་པའི་ དཀའ་ངལ་ཐོན་ཐོནམ་ འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་ལྟོ་ སློབ་སྟོན་ཁང་ཚན་༢ དེ་ཅིག་ ཧེ་མའི་ ཁང་ཚན་རྙིངམ་ནང་ ལག་ལེན་འཐབ་དོ་ཟེར་ཨིནམ་ད་ སློབ་གྲྭ་དེ་ འདས་པའི་ལོ་ནང་ར་ རྒྱ་སྐྱེད་འབད་འབདཝ་ འོང་ཟེར་ཨིན་རུང་ དཀའ་ངལ་ཅིག་ལུ་བརྟེན་ འབད་མ་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སློབ་གྲྭ་རྒྱ་སྐྱེད་འབད་མིའི་ གནད་དོན་ཅིག་དེ་ འབྲུག་རྗེས་སྒང་སློབ་གྲྭ་ལྟེ་བའི་ནང་ སློབ་ཕྲུག་འཛུལ་ཞུགས་འབད་མི་དང་ སློབ་ཕྲུག་མ་ཤོང་པའི་ དཀའ་ངལ་ལུ་བརྟེན་ ཨིནམ་བཞིན་དུ་ འབྲུག་རྗེས་སྒང་དེ་ འདས་པའི་ལོ་ནང་ སློབ་གྲྭ་ལྟེ་བ་ལུ་ རྒྱ་སྐྱེད་འབད་ཡོདཔ་ད་ ཚང་ཁ་སློབ་གྲྭའི་ནང་ ལར་རྒྱབ་དང་ ཁེ་སྦིས་ས་ དེ་ལས་ ཛིན་ཅི་ལ་སློབ་གྲྭ་ཆུང་བ་ཚུ་ལས་ སློབ་རིམ་༦ པ་ མཐར་འཁྱོལ་མི་ཚུ་ཡང་ འོང་དོ་ཡོདཔ་ཨིན་པས།
སློབ་གྲྭ་དེ་ནང་ ཉལ་ཁྱིམ་མ་ལང་པའི་ དཀའ་ངལ་སེལ་ཐབས་འབད་ནིའི་དོན་ལུ་ རྒེད་འོག་གིས་ འཆར་གཞི་ཚུ་བརྩམས་ཡོདཔ་ད་ ཚང་ཁ་རྒཔོ་ ཏའུ་ལ་གིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་ འགོ་འདྲེན་འཐབ་མི་ རྒེད་འོག་ཚོགས་སྡེ་ནང་ གནས་སྐབས་ཀྱི་ ཉལ་ཁྱིམ་བཟོ་སྐྲུན་འབད་ནི་སྦེ་ གྲོས་ཐག་བཅད་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཕམ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་བའི་སྐབས་ ཁས་ལེན་འབད་ཡོདཔ་ལས་ རྒེད་འོག་གིས་ མཐུན་རྐྱེན་ཚུ་བྱིན་ནི་དང་ མི་སྡེ་གིས་ ལས་མིའི་རྒྱབ་སྐྱོར་ཚུ་ འབད་ནི་ཨིན་མི་ལུ་བརྟེན་ ད་རེས་ཀྱི་ གནམ་བྱཱར་ལུ་ འདག་འབྱར་བཞི་སྐོརམ་གི་ ཉལ་ཁྱིམ་ཅིག་ རྐྱབ་ནིའི་འཆར་གཞི་ཡོད་ཟེར་ ཨིན་པའི་གནས་ཚུལ།
སྐད་སྒྱུར་ སྐལ་བཟང་དབང་ཕྱུག།