༉ སྤྱི་ཚོགས་གསུམ་པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ་ནང་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་༢ ལས་ ག་གིས་རྒྱལ་ཁ་འཐོབ་རུང་ མོང་སྒར་ཁྲོམ་དང་ གྲོང་གསེབ་ཚུ་ནང་སྡོད་མི་ཚུ་ལུ་ སྣང་དག་མེདཔ་ཨིན་པས།
ཤེར་མུ་ཧཱུཾ་ལས་ སྐྱེས་ལོ་༤༠ ལང་མི་ རྒྱ་མཚོ་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་ ཚོགས་པ་༢ བཙག་འཐུ་འབད་བའི་ ཉིནམ་ལས་ཚུར་ སེམས་ལུ་དགའ་སྐྱིད་ཚད་མེད་བྱུང་པའི་ཁར་ གནམ་གཤིས་གནས་སྟངས་ལུ་བལྟ་རུང་ ཨ་རྟག་དང་མ་འདྲཝ་སྦེ་ ཟངས་ཡོདཔ་ལས་ སྤྱིར་བཏང་བཙག་འཐུ་དེ་ མཐར་འཁྱོལ་ཅན་འབྱུང་ནིའི་ རྟགས་མཚན་ཨིན་ཟེར་ཨིན་པས།
མོང་སྒར་རྫོང་ཁག་ནང་ འདེམས་ཁོངས་༣ གྱི་གྲས་ལས་ དགྲ་མེད་རྩེ་-སྔ་ཚང་དང་ སྐྱེངས་མཁར་ཝེ་རིང་ལ་འདེམས་ཁོངས་༢ ལས་ མི་སེར་ཚུ་གིས་ ཕུན་སུམ་ཚོགས་པའི་ འདེམས་ངོ་༢ ལུ་ རྒྱབ་སྐྱོར་འབད་དེ་ གཞུང་སྐྱོང་དང་ ལྡོག་ཕྱོགས་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
ད་རེས་ཀྱི་ འགོ་ཐོག་བཙག་འཐུ་ནང་ཡང་ འདེམས་ཁོངས་དེ་གཉིས་ལུ་ རྒྱབ་སྐྱོར་འབད་མི་ལུ་ བལྟ་བ་ཅིན་ འདེམས་ངོ་ཚུ་ བློ་གཏད་དང་ ཡིད་ཆེས་ཡོད་པའི་ བརྡ་མཚོན་སྟོན་ཡི།
དེ་ཡང་ སྤྱི་ཟླ་༩ པའི་ཚེས་༡༥ ལུ་ སྲིད་དོན་ཚོགས་པ་༤ འི་ ངོ་ཚབ་ཚུ་གིས་ དོ་འགྲན་འབད་མིའི་གྲས་ལས་ བྱ་ཁྲུང་ཁྲུང་གི་ངོ་ཚབ་ ཨྱོན་དབང་འདུས་ཡོད་མི་ དགྲ་མེད་རྩེ་-སྔ་ཚང་འདེམས་ཁོངས་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་དང་ ཚོགས་རྒྱན་འཕྲུལ་ཆས་གཉིས་ར་ལས་ ཚོགས་རྒྱན་མཐོ་ཤོས་ཐོབ་ནུག།
འདེམས་ཁོངས་དེ་ནང་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༣,༤༤༨ ལྷོད་མི་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༡,༧༡༧ ཐོབ་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༨༤༡ དང་ མི་སེར་དམངས་གཙོ་ཚོགས་པ་གིས་༥༠༦ འབྲུག་ཀུན་མཉམ་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༣༨༤ མ་གཏོགས་ ཐོབ་མ་ཚུགས་པས།
དེ་ལས་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་བསྡོམས་༥,༥༨༧ བཙུགས་མི་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༢,༩༧༧ དང་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༡,༡༣༨ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༡,༠༠༣ དེ་ལས་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་༤༦༩ ཐོབ་ནུག།
དེ་འབདཝ་ལས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཨྱོན་དབང་འདུས་ཀྱིས་ ཚོགས་རྒྱན་༡,༨༤༡ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ འཇིགས་མེད་རྡོ་རྗེ་ལས་ མཐོ་སུ་སྦེ་ ཐོབ་ཡོདཔ་ད་ ཁོང་༢ ཀྱིས་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནི་ཨིན་པས།
དེ་བཟུམ་སྦེ་ སྐྱེངས་མཁར་-ཝེ་རིང་ལ་འདེམས་ཁོངས་ནང་ འགྲེམ་ཐོག་ཚོགས་རྒྱན་དང་ འཕྲུལ་ཆས་ཚོགས་རྒྱན་བསྡོམས་༧,༢༢༠ བཙུགས་ཡོད་མི་ལས་ ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༣,༤༨༧ ཐོབ་སྟེ་ ཨང་དང་པ་ཐོན་ཡོདཔ་ད་ མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༢,༢༩༢ དང་ དམངས་གཙོ་ཚོགས་པ་ལུ་ ཚོགས་རྒྱན་༩༥༦ དེ་ལས་ ཀུན་མཉམ་ཚོགས་པ་ལུ་ ཚོགས་རྒྱན་༤༨༥ བཙུགས་ནུག།
འདེམས་ཁོངས་དེ་ནང་ལས་ གཞུང་སྐྱོང་དང་ ལྡོག་ཕྱོགས་སྦེ་ ཕྱག་ཞུ་མི་ ཕུན་སུམ་ཚོགས་པའི་འདེམས་ངོ་ རིན་འཛིན་རྒྱ་མཚོ་གིས་ མཉམ་རུབ་ཚོགས་པའི་འདེམས་ངོ་ ཀུན་བཟང་འབྲུག་པ་ལས་ ཚོགས་རྒྱན་༡,༡༩༥ ཐེབས་ཐོབ་ནུག།
དེ་ལས་ མོང་སྒར་འདེམས་ཁོངས་ལས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀརྨ་ལྷ་མོ་གིས་ ཚོགས་རྒྱན་འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་༢ ཆ་ར་ལས་ མཐོ་སུ་སྦེ་ ཐོབ་ཡོདཔ་ད་ དེ་ཡང་ འཕྲུལ་ཆས་ལས་ ཚོགས་རྒྱན་༡,༣༥༨ དང་ འགྲེམ་ཐོག་ཚོགས་རྒྱན་༡,༢༤༣ ཐོབ་ནུག།
ཚོགས་རྒྱན་བསྡོམས་༣,༤༦༥ བཙུགས་ཡོད་མི་ལས་ ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༢,༦༠༡ ཐོབ་པའི་སྐབས་ མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༢,༠༥༦ དང་ དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༢,༠༤༥ དང་ ཀུན་མཉམ་ཚོགས་པ་གིས་ ཚོགས་པ་གིས་ ཚོགས་རྒྱན་༥༨༤ ཐོབ་ནུག།
འགོ་ཐོག་བཙག་འཐུ་ནང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀརྨ་ལྷ་མོ་གིས་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཤེས་རབ་རྒྱལ་མཚན་ལས་ ཚོགས་རྒྱན་༥༤༥ ཐེབས་ཐོབ་སྟེ་ཡོདཔ་ད་ འདེམས་ངོ་གཉིས་ཆ་ར་ ཙ་ཀ་གླིང་རྒེད་འོག་ལས་ཨིན་པས།
འདེམས་ཁོངས་༣ གྱི་ ཚོགས་རྒྱན་ས་ཁོངས་༧༦ ནང་ འགྲེམ་ཐོག་ཚོགས་རྒྱན་དང་ འཕྲུལ་ཆས་ཐོག་བཙུགས་མི་ ཚོགས་རྒྱན་ཡོངས་བསྡོམས་༢༣,༥༤༡ ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༡༠,༧༨༢ ཐོབ་སྟེ་ ཨང་དང་པ་ཐོན་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༦,༡༩༢ ཐོབ་ནུག།
མི་སེར་དམངས་གཙོ་ཚོགས་གིས་ ཚོགས་རྒྱན་༤,༦༤༥ དང་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་༡,༩༢༢ ཐོབ་ནུག།
འགོ་ཐོག་བཙག་འཐུ་དེ་ མཇུག་བསྡུ་བའི་ཤུལ་ལས་ མི་སེར་ཚུ་ ཨ་རྟག་ཧར་ལུགས་སྦེ་སྡོད་སར་ མཐོང་གསལ་བྱུང་མི་དེ་ཡང་ སོ་ནམ་པ་ཚུ་ སོ་ནམ་གྱི་ ལཱ་ཚུ་ལུ་ ཤུགས་བཏོན་དོ་ཡོད་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།