ས་གནས་གཞུང་གི་ བཙག་འཐུའི་ནང་ བཅའ་མར་གཏོགས་ནིའི་དོན་ལས་ མོང་སྒར་རྫོང་ཁག་ནང་ འདེམས་ངོ་ཚུ་གིས་ དུས་ཚོད་མཇུག་ལུ་ རང་སོའི་ཡིག་ཆ་བཙུགས་ནི་ལུ་ ག་ཐོབ་རྐྱབ་དགོཔ་བྱུང་ནུག།

མོང་སྒར་ལུ་ རྒཔོ་དང་དམངས་མི་བཙག་འཐུའི་ནང་ འདེམས་ངོ་༡༠༢ ཀྱིས་ དོ་འགྲན་འབད་ནི།

༉ གདམ་ངོའི་འཛོམས་འདུ་ཚུ་ནང་ལས་ གདམ་འཐུ་གྲུབ་མི་ འདེམས་ངོ་ཚུ་གི་ ཡིག་ཆ་དབྱེ་ཞིབ་ཀྱི་ དུས་ཚོད་མཇུག་དེ་ ཁ་ཙ་ཨིནམ་ད་ རྒྱལ་ཁབ་ནང་ རྫོང་ཁག་༢༠ ཡོད་མིའི་གྲས་ལས་ རྒེད་འོག་མཐོ་ཤོས་༡༧ ཡོད་མི་ མོང་སྒར་རྫོང་ཁག་ནང་ མི་ངོ་༤༨ ཀྱིས་ རྒཔོ་དང་༥༤ གིས་ དམངས་མིའི་འདེམས་ངོ་སྦེ་ བཅའ་མར་གཏོགས་ནི་ཨིན་པས།

ས་གནས་གཞུང་གི་ བཙག་འཐུ་དེ་ སྤྱི་ཟླ་༡༢ པའི་ཚེས་༢༢ ལུ་ འགོ་འདྲེན་འཐབ་ནི་ཨིན་པས།

གདམ་ངོའི་འཛོམས་འདུ་ནང་ དང་འདོད་ཅན་གྱི་ མི་ངོ་༧༣ གྱི་གྲས་ལས་༤༨ རྐྱངམ་གཅིག་ རྒཔོ་གི་དོན་ལས་ གདམ་ངོ་སྦེ་ གདམ་འཐུ་གྲུབ་ཡོདཔ་ད་ དམངས་མིའི་དོན་ལུ་ མི་ངོ་༧༥ གིས་ གདམ་ངོའི་འཛོམས་འདུ་ཚུ་ནང་ བཅའ་མར་གཏོགས་ནུག། 

སྐྱེངས་མཁར་དང་ འབྲས་སྤུངས་རྒེད་འོག་༢ ནང་ རྒཔོ་གི་འདེམས་ངོ་༥ རེ་ཡོད་མི་དེ་ མཐོ་ཤོས་ཨིནམ་ད་ དེ་གི་ཤུལ་ལས་ར་ ཤེལ་རི་མུ་ཧཱུྃ་རྒེད་འོག་ནང་ འདེམས་ངོ་༤ ཡོདཔ་ད་ བ་ལམ་དང་ ལྕགས་ས་མཁར་ ཆ་གླིང་ དགྲ་མེད་རྩེ་ དགོངས་འདུས་ སྔ་ཚང་ ཐང་རོང་ རྩ་མང་རྒེད་འོག་ཚུ་ནང་ འདེམས་ངོ་༣ རེ་དང་ འགྱུར་མེད་དང་ མོང་སྒར་ ས་གླིང་ ཙ་ཀ་གླིང་རྒེད་འོག་ཚུ་ནང་ འདེམས་ངོ་༢ རེ་ཡོད་རུང་ ན་རང་དང་ སི་ལམ་སྦིས་རྒེད་འོག་༢ ནང་ འདེམས་ངོ་རེ་ལས་བརྒལ་ མེདཔ་ཨིན་པས།

འདེམས་ངོ་ཚུ་གི་གྲས་ལས་ ཨམ་སྲུ་༤ ཡོདཔ་ད་ དེ་ཚུ་ཡང་ སྔ་ཚང་རྒེད་འོག་ནང་༢ དང་ ན་རང་དང་ འབྲས་སྤུངས་རྒེད་འོག་༢ ནང་རེ་རེ་ ཡོདཔ་ཨིན་པས།

གདམ་ངོའི་འཛོམས་འདུ་ཚུ་ནང་ དགྲ་མེད་རྩེ་དང་ དགོངས་འདུས་ སྔ་ཚང་ དེ་ལས་ ཤེལ་རི་མུ་ཧཱུྃ་རྒེད་འོག་༤ ནང་ མཐོ་ཤོས་གདམ་ངོ་༧ རེ་ ཐོན་ཡོདཔ་ཨིན་པས།

རྒཔོ་བགྲེསཔ་ཚུ་གི་གྲས་ལས་༡ གིས་ བཅའ་མར་མ་གཏོགས་རུང་ གདམ་ངོའི་འཛོམས་འདུ་ནང་ རྒཔོ་བགྲེསཔ་༣ གདམ་འཐུ་གྲུབ་མ་ཚུགས་པས།

དམངས་མིའི་དོན་ལུ་འབད་བ་ཅིན་ སྔ་ཚང་རྒེད་འོག་ནང་ མཐོ་ཤོས་༥ ཡོདཔ་ད་ བ་ལམ་དང་ ལྕགས་ས་མཁར་ འབྲས་སྤུངས་ ཤེལ་རི་མུ་ཧཱུྃ་ དེ་ལས་ ཙ་ཀ་གླིང་རྒེད་འོག་ཚུ་ནང་ འདེམས་ངོ་༤ རེ་ཡོདཔ་བཞིན་དུ་ ཆ་གླིང་དང་ དགོངས་འདུས་ འགྱུར་མེད་ མོང་སྒར་ ས་གླིང་ སི་ལམ་སྦིས་དང་ ཐང་རོང་རྒེད་འོག་ཚུ་ནང་ འདེམས་ངོ་༣ རེ་ ཡོདཔ་ཨིན་པས།

ཨིན་རུང་ དགྲ་མེད་རྩེ་དང་ ན་རང་ སྐྱེངས་མཁར་ རྩ་མང་རྒེད་འོག་༤ ནང་ འདེམས་ངོ་༢ རེ་ཡོདཔ་ད་ གདམ་ངོའི་འཛོམས་འདུ་ནང་ ཨམ་སྲུ་༨ ཀྱིས་ བཅའ་མར་གཏོགས་མི་ལས་༢ རྐྱངམ་གཅིག་ གདམ་ངོ་སྦེ་ གདམ་འཐུ་གྲུབ་ནུག།

གདམ་ངོའི་འཛོམས་འདུ་ནང་ དམངས་མི་བགྲེསཔ་མང་ཤོས་ཅིག་གིས་ ལོག་བཅའ་མར་གཏོགས་ཡོད་མི་ཚུ་གི་གྲས་ལས་༨ གདམ་འཐུ་མ་གྲུབ་པས།

རྫོང་ཁག་ནང་ སྤྱི་འོག་༨༩ ཀྱི་དོན་ལུ་ ཚོགས་པའི་འདེམས་ངོ་༡༨༦ ཡོདཔ་ད་ ཁྲོམ་སྡེའི་ངོ་ཚབ་ཀྱི་ གདམ་ངོ་༢ ཐོན་ཡོད་མི་ལས་༡ སྲིད་དོན་ཚོགས་པ་དང་ འབྲེལ་བ་ཡོདཔ་ལས་ ཆ་མེད་སོང་པའི་ཤུལ་ལུ་ ཨམ་སྲུའི་འདེམས་ངོ་༡ ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

བཟའ་གྲོགས་ལུ་ ཨམ་སྲུ་༤༤ ནག་ཚོང་འཐབ་པའི་ ཉེས་འཛུགས་ཀྱི་གྲོས་འདེབས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཚུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ། ༉ མི་ཌཱལ་ཨིསི་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ཨམ་སྲུ་ཚུ་ ཉེས་ཚོང་འཐབ་ཡོད་པའི་ ཁ་ཉེས་ཕོག་མི་ ལས་སྡེ་ངོ་ཚབ་༣༠ ཡོད་མི་ལས་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་ཅིག་གིས་ རྩོད་དོན་༡ ཉེས་བཤེར་གྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *