རྒན་ཤོས་ཚུ་གིས་ ཕུཊ་བཱོལ་རྩེད་འགྲན་འབད་བའི་བསྒང་།

མོང་སྒར་ལུ་ རྒན་ཤོས་ཀྱི་ ཕུཊ་བཱོལ་རྩེད་འགྲན་འབད་དོ་ཡོདཔ།

༉ མོང་སྒར་ཁྲོམ་གྱི་འོག་ལུ་ཡོད་པའི་ ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ཟླཝ་༡ གི་རིང་ འགོ་འདྲེན་འཐབ་མི་ རྒན་ཤོས་ཀྱི་ ཕུཊ༌བཱོལ་རྩེད་འགྲན་ འགོ་འདྲེན་འཐབ་མི་དེ་ ཁ་ཙ་ལས་ མཐའ་བཅད་འོག་མའི་རྩེད་འགྲན་ འགོ་བཙུགས་ཡོདཔ་ཨིན།
དེ་ཡང་ རྒྱལ་པོའི་ཞིང་ འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་དཔོན་ཚུ་གི་སྡེ་ཚན་དང་ ནེའུ་ལི་སྣུམ་འཁོར་བཅོ་ཁང་སྡེ་ཚན་༢ ཀྱི་བར་ན་ ཀོ་ཊར་ཕའེ་ནཱལ་རྩེད་འགྲན་འབད་བའི་སྐབས་ སློབ་དཔོན་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཅི།
སྡེ་ཚན་༢ ཀྱི་བར་ན་ དོ་འགྲན་ཅན་སྦེ་ རྩེད་འགྲན་འབད་མི་ལུ་བརྟེན་ དུས་ཚོད་ཚང་རུང་ གཱོལ་པུད་རྡོག་༡ ཡང་ བཙུགས་མ་ཚུགསཔ་ལས་ དུས་ཡུན་སྐར་མ་༢༠ ཀྱི་རིང་ དུས་ཐེབས་རྩེད་རུང་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ལས་ མཐའ་མཇུག་ཁར་ པེ་ནཱལ་ཊི་རྐྱབ་ཐོག་ལས་ རྒྱལ་ཕམ་ཕྱེ་དགོཔ་བྱུང་ཡི།
པ་ནཱལ་ཊི་རྐྱབ་པའི་སྐབས་ སྡེ་ཚན་༢ ལས་ རྩེད་འགྲན་པ་༩ གདམ་འཐུ་འབད་ཡོདཔ་ད་ དེ་བསྒང་ གཱོལ་༩ རེ་ འདྲན་འདྲ་བཙུགས་ཡོད་པའི་ མཐའ་མཇུག་ལུ་ སྣུམ་འཁོར་བཅོ་ཁང་ལས་ རྩེད་འགྲན་པ་༡ གིས་ བཱོལ་རྐྱབ་མི་དེ་ བྱང་ཕྱད་སྡེ་ཚན་གྱི་ བཱོལ་བཟུང་མི་ ཀི་པར་གྱིས་ བཟུང་ཚུགས་ཡི།
ཨིན་རུང་ སློབ་དཔོན་སྡེ་ཚན་གྱི་ རྩེད་འགྲན་པ་གིས་རྐྱབ་མི་དེ་ བཱོལ་བཟུང་མི་ ཀི་པར་གྱིས་ བཟུང་མ་ཚུགསཔ་ལས་ སློབ་དཔོན་ཚུ་གི་ སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཅི།
སྡེ་ཚན་༢ ཀྱི་བར་ན་ པེ་ནཱལ་ཊི་རྐྱབ་པའི་སྐབས་ གནམ་སྲོ་ཡོདཔ་ལས་ མི་དང་བཱོལ་ཚུ་ མཐོང་མ་ཚུགསཔ་ཐལ་རུང་ ལྟདམོ་ལྟ་མི་ཚུ་གིས་ རྒྱབ་སྐྱོར་མ་བཏུབ་བཏུབ་སྦེ་ བྱིན་མི་ལུ་བརྟེན་ སྤྲོ་བ་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན།
མཐའ་བཅད་རྩེད་འགྲན་འོག་མའི་ནང་ རྒྱལ་པོའི་ཞིང་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་དཔོན་སྡེ་ཚན་དང་ ཀུ་རི་ཆུ་གློག་མེ་ལས་འཛིན་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ དེ་ལས་ ཡ་ལྡི་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་དཔོན་གྱི་ སྡེ་ཚན་ཚུ་ཨིནམ་བཞིན་དུ་ མཐའ་བཅད་རྩེད་འགྲན་དེ་ སྤྱི་ཟླ་༡༠ པའི་ཚེས་༧ ལུ་ འགོ་འདྲེན་འཐབ་ནི་ཨིན་པས།
རྒན་ཤོས་ཀྱི་ ཕུཊ་བཱོལ་རྩེད་འགྲན་དེ་ སྒེར་སྡེ་ཅིག་གིས་ འགོ་འདྲེན་འཐབ་ཡོདཔ་ད་ རྩེད་འགྲན་དེ་ནང་ སྡེ་ཚན་༡༥ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *