མོང་སྒར་ལུ་ འོས་འབབ་དང་མ་ལྡན་པའི་ ཁང་གླ་ཡར་སེང་འབད་དོ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ མོང་སྒར་ཁྲོམ་ཁར་ ཁྱིམ་གྱི་ཇོ་བདག་དང་ ཁྱིམ་གླ་ཁར་སྡོད་མི་ཅིག་གི་བར་ན་ ཁང་གླ་ཡར་སེང་དང་འབྲེལ་བའི་ རྩོད་གཞི་ཕྱེ་ཡོདཔ་ལས་ འདས་པའི་ཟླཝ་ནང་ འཁྲུན་ཆོད་བཏོན་ནུག། 

དེ་ཡང་ གླ་ཁར་སྡོད་མི་གིས་འབད་བ་ཅིན་ འགོ་ཐོག་ལུ་ ཟ་ཁང་དང་ ཆང་ཁང་བཟོ་མི་ ཁྱིམ་ལེན་པའི་སྐབས་ ཟླ་རིམ་ཁང་གླ་དངུལ་ཀྲམ་༡༠,༠༠༠ རེ་སྦེ་ བདེ་སྒྲིག་བཟོ་ཡོད་རུང་ ལོ་༡ ནང་ ཁང་གླ་དངུལ་ཀྲམ་༡༥,༠༠༠ གུ་ ཡར་སེང་འབད་ད་ཡི་ཟེར་ཨིན་པས།

ཁྱིམ་གྱི་ཇོ་བདག་གིས་འབད་བ་ཅིན་ ཁང་གླ་དེ་ དངུལ་ཀྲམ་༡༥,༠༠༠ རེ་ཨིན་རུང་ ནད་ཡམས་ཀྱི་ གནས་སྟངས་ནང་ འབད་ནི་དེ་གིས་ འགོ་ཐོག་ལུ་ དངུལ་ཀྲམ་༡༠,༠༠༠ རེ་སྦེ་ ལེན་པའི་ཤུལ་ལས་ འགོ་ཐོག་ཁ་ཚིག་བཟོ་མི་གུ་ ཁང་གླ་ཡར་སེང་འབད་ཡི་ཟེར་ཨིན་པས།

དེ་འབདཝ་ད་ ཁང་གླ་ཡར་སེང་དེ་ ཁང་གླར་ལེན་མི་གིས་ སྤྲོད་མ་བཏུབ་ལས་ ཁྱིམ་གྱི་ཇོ་བདག་གིས་ རྫོང་ཁག་བདག་སྐྱོང་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཁྱིམ་གྱི་ཇོ་བདག་ལུ་ ཟླ་རིམ་ཁང་གླ་དངུལ་ཀྲམ་༡༥,༠༠༠ རེ་ སྤྲོད་དགོ་པའི་ གྲོས་ཆོད་བཏོན་མི་དེ་ལུ་ གླར་སྤྱོད་འབད་མི་གིས་ ཁེ་རྒུད་མ་བཏུབ་པར་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཁྲིམས་གཏུགས་འབད་ནུག།

ཁྲིམས་འདུན་གྱིས་ཡང་ ཁང་གླ་དངུལ་ཀྲམ་༡༠,༠༠༠ རེ་ སྤྲོད་དགོ་པའི་ བཀའ་རྒྱ་གནང་པའི་ཁར་ རྩ་ཕན་གཉིས་ཀྱི་བར་ན་ གན་ཡིག་མ་བཟོ་བར་ཡོདཔ་ལས་ ཉེས་འཐུས་དངུལ་ཀྲམ་༡༠,༠༠༠ རེ་ སྤྲོད་བཅུག་ཡོདཔ་མ་ཚད་ ཁྱིམ་གྱི་ཇོ་བདག་གིས་ ཟླཝ་༡ གི་རྒྱབ་ལས་ ཁྱིམ་སྤོ་དགོ་པའི་ ཁྱབ་བསྒྲགས་འབད་མི་དེ་ འབྲུག་གི་ས་དང་ཁང་ཁྱིམ་གླར་སྤྱོད་ཀྱི་བཅའ་ཁྲིམས་ལྟར་དུ་ ཟླཝ་༢ གུ་ ཡར་སེང་གི་ བཀའ་རྒྱ་གནང་ནུག།

དེ་བཟུམ་སྦེ་ ཁྱིམ་གྱི་ཇོ་བདག་སོ་སོར་ཅིག་གིས་ ཁང་གླ་བརྒྱ་ཆ་༢༠ དེ་ཅིག་ སེང་ཡོདཔ་ད་ གཞན་དག་པ་ཅིག་གིས་ཡང་ ལོ་༢ མ་ལངམ་ལས་ བརྒྱ་ཆ་༡༠ དང་༢༠ གི་བར་ན་ ཡར་སེང་འབད་ཡོདཔ་ཨིན་པས།

གླ་ཁར་སྡོད་མི་ ཉི་མ་དབང་མོ་གིས་ སླབ་མིའི་ནང་ མོ་གི་ ཁྱིམ་གྱི་ཇོ་བདག་གིས་ ལོ་༢ མ་ལངམ་ལས་ ཟ་ཁང་གི་ཁང་གླ་ ཧེ་མ་དངུལ་ཀྲམ་༤༥,༠༠༠ ཡོད་མིའི་གུ་ དངུལ་ཀྲམ་༡༠,༠༠༠ ཡར་སེང་འབད་མི་དེ་ ཁེ་རྒུད་མ་བཏུབ་ལས་ ཁྱིམ་གྱི་ཇོ་བདག་དང་གཅིག་ཁར་ ཁ་ཤགས་རྐྱབ་ཡོད་རུང་ འབད་ཐབས་གཞན་མིན་འདུག་ཟེར་ཨིན་པས།

གླ་ཁར་སྡོད་མི་གཞན་ བསོད་ནམས་ཀྱིས་ སླབ་མིའི་ནང་ མོ་གིས་ཡང་ ཚོང་ཁང་གི་དོན་ལུ་ ཁྱིམ་ལེན་ཏེ་ལོ་༢ མ་ལང་རུང་ ཁང་གླ་བརྒྱ་ཆ་༢༠ དེ་ཅིག་ སེང་པའི་ཤུལ་ལས་ ནད་ཡམས་ཀྱི་ གནས་སྟངས་ནང་ ཚོང་ཉོ་མི་དེམ་ཅིག་མེདཔ་ལས་ ཚོང་བཙོང་མི་ལས་ཐོབ་མི་ ཏི་རུ་དེ་གིས་ ཁང་གླ་སྤྲོད་ནི་རྐྱངམ་གཅིག་ ལངམ་མས་ཟེར་ཨིན་པས།

གླ་ཁར་སྡོད་མི་ མང་ཤོས་ཅིག་གིས་ བརྡ་བརྒྱུད་ལུ་ མིང་བཏོན་ཏེ་སླབ་ནི་ལུ་ གཡང་ཟ་མི་དེ་ཡང་ ཁྱིམ་གྱི་ཇོ་བདག་ཚུ་གིས་ ཁྱིམ་ནང་ལས་ བདའ་བཏང་པ་ཅིན་ གཞན་ཁར་ཁྱིམ་མ་ཐོབ་པའི་ དཀའ་ངལ་ཡོདཔ་ལས་ འདྲོག་ནི་དེ་གིས་ཨིན་པས།

མིང་སླབ་མ་བཏུབ་མི་ གླ་ཁར་སྡོད་མི་ཅིག་གིས་ སླབ་མིའི་ནང་ ཁྲོམ་གྱི་ཁྱིམ་ཇོ་བདག་མང་ཤོས་ཅིག་གིས་ ཁོང་ར་ག་དགའཝ་སྦེ་ ཁང་གླ་ཡར་སེང་འབད་ནིའི་དོན་ལུ་ གན་རྒྱ་ཡང་ བཟོ་མི་བཏུབ་པས་ཟེར་ཨིན་པས།

ས་དང་ཁང་ཁྱིམ་གླར་སྤྱོད་ཀྱི་བཅའ་ཁྲིམས་དང་འཁྲིལཝ་ད་ ཁྱིམ་གྱི་ཇོ་བདག་དང་ གླ་ཁར་ལེན་མི་༢ ཀྱི་བར་ན་ གན་རྒྱ་བཟོ་དགོ་པའི་ཁར་ ཁང་གླ་དེ་ཡང་ ལོ་༢ ཀྱི་རྒྱབ་ལས་ བརྒྱ་ཆ་༡༠ རེ་ ཡར་སེང་འབད་དགོཔ་སྦེ་ ཡོདཔ་ཨིན་པས།

ཁྱིམ་གྱི་ཇོ་བདག་རེ་གཉིས་ཀྱིས་ ཁྱིམ་ཁང་གླར་ལེན་ཏེ་སྡོད་མི་ བདའ་བཏང་ཡོད་པའི་ ལོ་རྒྱུས་ཡང་ཡོདཔ་ཨིན་པས།

ཁང་གླ་ཡར་སེང་འབད་མིའི་ གནད་དོན་གཙོ་བོ་ ཁྲོམ་ཁར་ ཁྱིམ་ལངམ་སྦེ་མེད་མི་ལུ་བརྟེན་ཨིན་པས།

ད་རེས་ནངས་པར་ ཚོང་ཁང་ཚུ་གི་ ཁང་གླ་དེ་ཡང་ ཚོང་ཁང་ཆུང་ཀུ་ཅིག་ལུ་ དངུལ་ཀྲམ་༡༠,༠༠༠ རེ་དང་ མཐོ་ཤོས་༥༠,༠༠༠ གུ་ལྷོད་དེ་ཡོདཔ་ད་ ཉལ་ཁྲི་ཡོད་མི་ཟ་ཁང་ཚུ་ལུ་ ཁང་གླ་དངུལ་ཀྲམ་༦༠,༠༠༠ དང་༡༥༠,༠༠༠ གི་བར་ན་ ཡོདཔ་ཨིན་པས།

དེ་ལས་ ཚོང་འབྲེལ་མིན་པའི་ སྡོད་ཁྱིམ་གྱི་ ཁང་གླ་ཚུ་ཡང་ དངུལ་ཀྲམ་༦,༠༠༠ དང་༡༢,༠༠༠ ཀྱི་བར་ན་ ཡར་སེང་སོང་སྟེ་ཡོདཔ་ད་ ཞི་གཡོགཔ་དང་ཁྲོམ་ཁར་སྡོད་མི་ མང་ཤོས་ཅིག་གིས་ སླབ་མིའི་ནང་ ཁྲོམ་ཁར་ས་ཚན་ཡོད་མི་དང་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ ཞི་གཡོགཔ་ཚུ་གི་དོན་ལུ་ གཞུང་ཁྱིམ་རྐྱབ་པ་ཅིན་ ཁང་གླ་དེ་ ཚད་འཛིན་འབད་ཚུགས་ནི་མས་ཟེར་ཨིན་པའི་གནས་ཚུལ། 

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *