མོང་སྒར་ལུ་ འགྲེམ་ཐོག་ཚོགས་རྒྱན་དང་ ལྷན་ཐབས་ཚོགས་རྒྱན་བསྡོམས་༡༠,༨༤༢ ལྷོད་མི་ལས་༡༤༧ ལྷགཔ་ཅིག་ ཆ་མེད་བཏང་ཡོདཔ།

༉ མོང་སྒར་རྫོང་ཁག་གི་ ངོས་ལེན་འགོ་དཔོན་ཡིག་ཚང་ནང་སྦེ་ རྫོང་ཁག་ཚུ་ལས་ལྷོད་མི་ འགྲེམ་ཐོག་ཚོགས་རྒྱན་དང་ རྒྱན་ཤོག་ལྷན་ཐབས་ཚོགས་རྒྱན་ཚུ་ ཡིག་སྣོད་ཀ་པ་ ཁ་ཕྱེས་ཞིནམ་ལས་ ཉིན་གྲངས་༢ ཀྱི་རིང་ ཡིག་ཆ་ཚང་མ་ཚང་གི་ ཞིབ་དཔྱད་ འབད་ཡི།

དེ་ཡང་ སྤྱི་ཟླ་༩ པའི་ཚེས་༡༣ གྱི་ དྲོ་པའི་ཆུ་ཚོད་༩ ལས་འགོ་བཙུགས་ ཁ་ཙ་ནུབ་མོའི་ཆུ་ཚོད་༨ ཚུན་ ལཱ་འབད་ཡོད་རུང་ འགྲེམ་ ཐོག་ཚོགས་རྒྱན་ཚུ་ འོང་པའི་བསྒང་ཡོདཔ་ལས་ ད་རིས་ དྲོ་པའི་ཆུ་ཚོད་༩ ཚུན་ ལཱ་འབད་ནི་ཨིན་པས།

ཨིན་རུང་ ཁ་ཙ་ཕྱི་རུ་ཚུན་ལྷོད་མི་ འགྲེམ་ཐོག་ཚོགས་རྒྱན་དང་ ལྷན་ཐབས་ཚོགས་རྒྱན་ཚུ་ ཉིན་གྲངས་༢ ཀྱི་རིང་ ཡིག་སྣོད་ཀ་པ་ ཁ་ཕྱེས་ཏེ་ ཡིག་རིགས་ཚང་མ་ཚང་ཚུ་ ཞིབ་དཔྱད་འབད་བའི་སྐབས་ ཡོངས་བསྡོམས་༡༠,༨༤༢ ལྷོད་མི་ལས་༡༤༧ ལྷགཔ་ཅིག་ ཆ་མེད་ བཏང་དགོཔ་བྱུང་ནུག།

འདེམས་ཁོངས་༣ གྱི་ སྲིད་དོན་ཚོགས་པ་ཚུ་གི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་ལྷན་ཐབས་ས་ཁོངས་ལས་ མི་གྲངས་༨༠༣༣ གྱིས་ ཚོགས་རྒྱན་བཙུགས་ཡོད་མི་ལས་ ཚོགས་རྒྱན་༤ ཆ་མེད་བཏང་ཡོདཔ་ད་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༢,༨༠༩ ལས་ ཚོགས་རྒྱན་༡༤༧ དེ་ཅིག་ ཆ་མེད་བཏང་དགོཔ་བྱུང་ནུག།

ངོས་ལེན་འགོ་དཔོན་ཚུ་གིས་འབད་བ་ཅིན་ འགྲེམ་ཐོག་ཚོགས་རྒྱན་ཚུ་ སྐྱེལ་འདྲེན་བཱསི་ནང་ འབག་འོང་པའི་བསྒང་ཡོད་མི་དེ་ཡང་ ཆརཔ་ལུ་བརྟེན་ སྣུམ་འཁོར་ལམ་ཆད་མི་དང་ བསུབས་བཞག་མི་ལུ་བརྟེན་ ད་རིས་དྲོ་པའི་ཆུ་ཚོད་༩ ཚུན་ བསྒུག་སྡོད་ནི་ཨིནམ་ལས་ ཚོགས་རྒྱན་གྱི་གྱངས་ཁ་ ཡར་སེང་འགྱོ་འོང་ཟེར་ཨིན་པས།

ཉིནམ་དང་པའི་ནང་ སྐྱེངས་མཁར་ཝེ་རིང་ལ་འདེམས་ཁོངས་དང་ མོང་སྒར་ དེ་ལས་ དགྲ་མེད་རྩེ་སྔ་ཚང་འདེམས་ཁོམས་༣ གྱི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་ལྷོད་མི་ ལེ་ཤ་ཡོདཔ་ལས་ ངོས་ལེན་འགོ་དཔོན་ཚུ་ལུ་ ཆ་རོགས་འབད་ནིའི་དོན་ལུ་ མོང་སྒར་སློབ་གྲྭ་གོང་མའི་ སློབ་དཔོན་ཚུ་འོང་ནུག།

དེ་གི་སྐབས་ལུ་ རྫོང་ཁག་བཙག་འཐུ་འགོ་དཔོན་དང་ ངོས་ལེན་འགོ་དཔོན་ཚུ་གིས་ སྲིད་དོན་ཚོགས་པ་༤ གི་འདེམས་ངོ་དང་ འདེམས་ངོའི་ངོ་ཚབ་ཚུ་ འཛོམས་པའི་མཐའ་མར་ ལུང་ཕྱོགས་འགྲེམ་ཐོག་ཡིག་ཚང་ལས་བརྒྱུད་དེ་ལྷོད་མི་ ཡིག་སྒྲོམ་ཚུ་ བརྟག་ཞིབ་འབད་བའི་ཁར་ འབྲི་ཤོག་བཀང་སྟེ་བཏང་མི་ ཚོགས་རྒྱན་ཚུ་ནང་ ཡིག་ཆ་ཚང་མ་ཚང་དང་ ངོ་སྤྲོད་ལག་ཁྱེར་ཡོད་མེད་ཀྱི་ ལྟ་རྟོག་འབད་ཡི།

སྲིད་དོན་ཚོགས་པའི་འདེམས་ངོ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྫོང་ཁག་ཚུ་ལས་ འགྲེམ་ཐོག་ཚོགས་རྒྱན་བཏང་མི་ཚུ་ ག་དེ་སྦེ་ བཏང་ཡོདཔ་ཨིན་ན་དང་ རྫོང་ཁག་ནང་ ངོས་ལེན་འགོ་དཔོན་ཚུ་གིས་ ག་དེ་སྦེ་ རྩིས་ལེན་དོ་ཡོདཔ་ཨིན་ནའི་ ཞིབ་དཔྱད་འབད་ཐབས་ལུ་ ག་ར་འཛོམས་ཐོག་འབད་ཡི་ཟེར་ཨིན་པས།

རྫོང་ཁག་བཙག་འཐུ་འགོ་དཔོན་ ཀུན་དགའ་གིས་ སླབ་མིའི་ནང་ སྲིད་དོན་ཚོགས་པའི་ངོ་ཚབ་དང་ ངོས་ལེན་འགོ་དཔོན་ཚུ་ འཛོམས་ཐོག་ལས་ བརྟག་ཞིབ་འབད་མི་དེ་ཡང་ ཉོགས་བཤད་མི་འཐོན་ནིའི་དོན་ལུ་ཨིན་རུང་ ལམ་ལུགས་དེ་ གསརཔ་ཅིག་མེན་པར་ བཙག་འཐུའི་བཅའ་ཁྲིམས་ནང་ བཀོད་དེ་ཡོད་ཟེར་ཨིན་པས།

དགྲ་མེད་རྩེ་ སྔ་ཚང་འདེམས་ཁོངས་ནང་ ཚོགས་རྒྱན་བཙུགས་སའི་ས་ཁོངས་༢༨ དང་ སྐྱེངས་མཁར་ཝེ་རིང་ལ་འདེམས་ཁོམས་ནང་ ཚོགས་རྒྱན་བཙུགས་སའི་ས་ཁོངས་༢༦ དེ་ལས་ མོང་སྒར་འདེམས་ཁོངས་ཀྱི་དོན་ལུ་ ཚོགས་རྒྱན་བཙུགས་སའི་ས་ཁོངས་༢༢ ཡོདཔ་ ཨིན།

དགྲ་མེད་རྩེ་ སྔ་ཚང་འདེམས་ཁོངས་ནང་ དགྲ་མེད་རྩེ་དང་ ན་རང་ བཱ་ལམ་ ཤེར་མུ་ཧཱུཾ་ ལྕགས་སི་མཁར་ སྔ་ཚང་ དེ་ལས་ ཐང་རོང་ རྒེད་འོག་༧ སྐྱེངས་མཁར་ཝེ་རིང་ལ་འདེམས་ཁོངས་ནང་ སྐྱེངས་མཁར་རྒེད་འོག་དང་ འགྱུར་མེད་ ས་གླིང་ སི་ལམ་སྦིས་ དེ་ལས་ དགོངས་འདུས་རྒེད་འོག་ དེ་ལས་ མོང་སྒར་འདེམས་ཁོངས་ལུ་ མོང་སྒར་རྒེད་འོག་དང་ འབྲས་སྤུངས་ ཆ་གླིང་ ཙ་ཀ་གླིང་ དེ་ལས་ རྩ་མང་རྒེད་འོག་༥ ཨིན་པས།

མོང་སྒར་རྫོང་ཁག་ནང་ འདེམས་ཁོངས་༣ གྱི་དོན་ལུ་ འོས་འབབ་ལྡན་པའི་ ཚོགས་རྒྱན་བཙུགས་ཆོག་མི་ཡོངས་བསྡོམས་༣༤,༥༨༩ ལས་ ཕོ་སྐྱེས་༡༦,༦༢༣ དང་ ཨམ་སྲུ་༡༧,༩༦༦ ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *