མདའ་རྩེདཔ་ཚུ་གིས་ འབའ་གཏད་པའི་བསྒང་།

མོང་སྒར་ལུ་ མི་དབང་རྒྱལ་སྲས་མདའ་རྩེད་འགྲན་བསྡུར་ འབད་བའི་བསྒང་ཡོདཔ།

༉ མོང་སྒར་རྫོང་ཁག་ནང་ མི་དབང་རྒྱལ་སྲས་ཀྱི་ མདའ་རྩེད་འགྲན་བསྡུར་ནང་ ཁ་ཙ་ སྡེ་ཚན་༣ གྱི་བར་ན་ སྐོར་ཐེངས་༡༥ འབད་མིའི་རྩེད་འགྲན་སྐབས་ ལྷུན་རྩེ་ལས་ མགོན་པོ་དབང་རྒྱལ་སྡེ་ཚན་གྱིས་ བྱང་ཕྱད་སྡེ་ཚན་༢ ཕམ་བཏང་སྟེ་ རྒྱལ་ཁ་ཐོབ་ཅི།
དེ་ཡང་ སྡེ་ཚན་དེ་གིས་ སྐུགས་༢ ཆོད་ཡོདཔ་ད་ རྣམ་འགྲོ་གླིང་སྡེ་ཚན་གྱིས་ སྐུགས་༡ ཆོད་པའི་ཁར་ སྡེ་ཚན་༣ པ་གིས་ སྐུགས་གཅིག་ཡང་ ཆོད་མ་ཚུགས་པས།
དྲོ་པའི་རྩེད་འགྲན་ནང་ ལྟག་རྫོང་སྡེ་ཚན་གྱིས་ བཀག་རེག་༣༨ ཕོག་སྟེ་ སྐུགས་༢ ཆོད་ཐོག་ལས་ རྒྱལ་ཁ་ཐོབ་པའི་སྐབས་ འབྲུག་གློག་མེ་ལས་འཛིན་གྱིས་ བཀག་རེག་༣༣ དང་ སྡེ་ཚན་གཞན་གྱིས་ བཀག་རེག་༢༨ ལས་ཕོག་མ་ཚུགས་པས།
རྩེད་འགྲན་དེ་ ཡོངས་གྲགས་ཅན་གྱི་ གཡང་འཕེལ་མདའ་རྩེད་ལམ་ལུགས་ཐོག་ རྩེད་འགྲན་འབད་ཡོདཔ་ད་ རྩེད་འགྲན་ནང་ ཤར་ཕྱོགས་རྫོང་ཁག་༥ ལས་ སྡེ་ཚན་༢༢ ཀྱིས་ བཅའ་མར་གཏོགས་ནུག།
ལིག་སྐོར་ཐེངས་དེ་ སྤྱི་ཟླ་༡༠ པའི་ཚེས་༡༡ ལུ་ མཇུག་བསྡུ་ནི་ཨིནམ་ད་ དེ་གི་ཤུལ་ལས་ མཐའ་བཅད་འགྲན་བསྡུར་འོག་མ་ རྩེད་འགྲན་འབད་ནི་ཨིན་པས།
རྩེད་འགྲན་ནང་ བཅའ་མར་གཏོགས་མི་ བཀྲིས་སྒང་དང་ པདྨ་དགའ་ཚལ་རྫོང་ཁག་༢ ལས་ སྡེ་ཚན་རེ་དང་ ལྷུན་རྩེ་དང་ བཀྲིས་གཡང་རྩེ་རྫོང་ཁག་༢ ལས་ སྡེ་ཚན་༣ རེ་ དེ་ལས་ མོང་སྒར་རྫོང་ཁག་ནང་ལས་ སྡེ་ཚན་༡༤ ཡོདཔ་ཨིན་པས།
རྩེད་འགྲན་ནང་ སྡེ་ཚན་རེ་ལས་ མདའ་རྩེདཔ་༦ རེ་དགོ་པའི་ཁར་ རྩེད་འགྲན་དེ་ དྲོ་པ་ཆུ་ཚོད་༩ ལས་༡༢ ཚུན་དང་ ཉིན་མའི་ཆུ་ཚོད་༢ ལས་འགོ་བཙུགས་ ཕྱི་རུ་ སྐོར་ཐེངས་༡༥ མ་རྫོགས་ཚུན་ རྩེད་འགྲན་འབདཝ་ཨིན་པས།
མདའ་རྩེད་འགྲན་བསྡུར་དེ་ མོང་སྒར་མདའ་རྩེད་ཚོགས་པ་གིས་ འགོ་འདྲེན་འཐབ་ཡོདཔ་ད་ རྩེད་རིགས་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ རྟ་མགྲིན་གྱིས་ སླབ་མིའི་ནང་ མི་དབང་རྒྱལ་སྲས་མཆོག་ སྐུ་འཁྲུངས་ཏེ་ དགུང་ལོ་༡ བཞེས་པའི་རྟེན་འབྲེལ་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཨང་དང་པ་ཐོན་མི་ལུ་ གསོལ་རས་ སེམ་སུང་ཊི་བི་ཨིན་ཅི་༤༨ འབད་མི་དང་ ཨང་༢ པ་ལུ་ སེམ་སུང་ཊི་བི་ཨིན་ཅི་༤༠ དེ་ལས་ ཨང་གསུམ་པ་ལུ་ སེམ་སུང་ཊི་བི་ཨིན་ཅི་༣༢ འབད་མི་རེ་ བྱིན་ནི་ཟེར་ཨིན་པས།
ལིག་སྐོར་ཐེངས་ཀྱི་ སྐོར་ཐེངས་༤༥ ནང་ བཀག་རེག་མཐོ་ཤོས་ཕོག་མི་ དོབ་སྦྱེལ་མཐོ་ཤོས་ སྒོར་ཐིག་གུ་མཐོ་ཤོས་ དེ་ལས་ མཐའ་བཅད་འགྲན་བསྡུར་ནང་ བཀག་རེག་མཐོ་ཤོས་ཕོག་མི་ཚུ་ལུ་ཡང་ གསོལ་རས་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ བྱིན་ནི་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *