༉ མོང་སྒར་ཕུཊ༌བཱོལ་རྩེད་ཐང་ནང་ རྒན་ཤོས་ཚུ་གི་ ཕུཊ་བཱོལ་རྩེད་འགྲན་འབད་མི་དེ་ ད་རེས་ནངས་པར་ མཐའ་བཅད་འགྲན་བསྡུར་ཆུང་བའི་ནང་ ལྷོད་ཡོདཔ་བཞིན་དུ་ འགྲན་བསྡུར་དེ་ དོ་འགྲན་ཅན་ཅིག་སྦེ་ འགྱོ་དོ་ཡོད་པའི་ མཐོང་གསལ་བྱུངམ་མས།
སྤྱི་ཟླ་༦ པའི་ཚེས་༦ ལུ་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ སྡེ་ཚན་གྱིས་ གཱོལ་༣ བཙུགས་ཏེ་ མཐའ་བཅད་འགྲན་བསྡུར་ཆུང་བའི་ནང་ ལྷོད་ཡོདཔ་ད་ དོ་འགྲན་འབད་མི་ ལྕགས་སི་ཁར་སྡེ་ཚན་གྱིས་ གཱོལ་༡ ལས་བརྒལ་ བཙུགས་མ་ཚུགས།
མ་གཞི་ བར་མཚམས་མ་རན་པའི་ཧེ་མ་ སྡེ་ཚན་༢ ཆ་རའི་ཧོངས་ལས་ དོ་འགྲན་ཅན་སྦེ་ རྩེད་ འགྲན་འབད་བའི་བར་ན་ སྨན་ཁང་སྡེ་ཚན་གྱིས་ གཱོལ་༡ བཙུགས་པའི་ཁར་ བར་མཚམས་ཀྱི་ཤུལ་ལས་ ད་རུང་ གཱོལ་༢ བཙུགས་ཡོདཔ་ད་ དུས་ཚོད་ཚང་རནམ་ད་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་༡ བཙུགས་ཅི།
མཐའ་བཅད་འགྲན་བསྡུར་ཆུང་བ་དེ་ སྤྱི་ཟླ་༦ པའི་ཚེས་༤ ལས་ འགོ་བཙུགས་ཡོདཔ་ད་ ད་ཚུན་ མོང་སྒར་རྫོང་ཁག་དང་ རྒྱལ་པོའི་ཞིང་ དེ་ལས་ གཙོ་བསྟེན་སྨན་ཁང་གི་ སྡེ་ཚན་༣ མཐའ་བཅད་འགྲན་བསྡུར་ཆུང་བའི་ནང་ལྷོད་ནུག།
མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༦ པའི་ཚེས་༡༠ ལུ་ འགོ་འདྲེན་འཐབ་ནི་ཨིན་པས།
རྒན་ཤོས་ཀྱི་ རྩེད་འགྲན་དེ་ཡང་ མོང་སྒར་ཁྲོམ་ཁར་ ཟ་ཁང་ཅིག་གི་ཇོ་བདག་ ཨ་ཤོག་གུ་རུང་གིས་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་སྟེ་ ལོ་༥ ལང་ཡོད་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།