ནགས་ཚལ་མེ་གིས་ འཚིགས་པའི་བསྒང་།

མོང་སྒར་ལུ་ ནགས་ཚལ་ཨེ་ཀར་༡༠༠ ལྷགཔ་ཅིག་ མེ་གིས་འཚིགས་ཡོདཔ།

༉ མོང་སྒར་ ན་རང་རྒེད་འོག་ སྒོམ་ཆུ་གཡུས་ཚན་གྱི་ལྟག་ལས་ སྤྱི་ཟླ་༡༢ པའི་ཚེས་༡ ལུ་ ནགས་ཚལ་མེ་རྐྱེན་ཤོར་མི་དེ་གིས་ ནགས་ཚལ་ཨེ་ཀར་༡༡༠ དེ་ཅིག་ འཚིགས་ཡོདཔ་བཞིན་དུ་ ད་རེས་ ཚད་འཛིན་འབད་ཚུགས་ཡོདཔ་ཨིན་པས།
རྐྱེན་ངན་དེ་ཡང་ ནོར་ཁྱིམ་བཅོ་ཁ་རྐྱབ་ནིའི་དོན་ལུ་ ཤིང་བཏོགས་པའི་སྐབས་ གློག་ཐག་གུ་རེག་ཏེ་ བྱུང་ཡོདཔ་ཨིན་པས།
ཤིང་བཏོགས་མི་ སྒོམ་ཆུ་ལས་ སྐྱེས་ལོ་༥༥ ལང་མི་ ཀུན་བཟང་གིས་ སླབ་མིའི་ནང་ ནོར་ཁྱིམ་གྱི་ ཟུར་ཁ་ལས་ ལྷོང་ནིའི་དོན་ལས་ ཤིང་བརྡབ་བཏངམ་ད་ ཤིང་གི་ཞལ་ལག་ཚུ་ གློག་ཐག་གུ་རེག་སྟེ་ མེ་འབར་ཡོདཔ་ལས་ དེ་འཕྲོ་ལས་ རྒཔོ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
གཞན་དལ་གཞི་ རྒེད་འོག་ནང་ཡོད་མི་ གློག་མེའི་ཞབས་ཏོག་ལྟ་མི་ ལས་བྱེདཔ་དེ་ རྒེད་འོག་ནང་ཡོད་པ་ཅིན་ ནགས་ཚལ་མེ་རྐྱེན་འབྱུང་ནི་ལས་ ཚད་འཛིན་འབད་ཚུགས་ནི་ཨིན་རུང་ ཞབས་ཏོག་ལྟ་མི་དེ་ བཀྲིས་སྒང་རྫོང་ཁག་ནང་ ཡར་སོ་ནུག་ཟེར་ཨིན་པས།
ན་རང་རྒཔོ་ རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ མེ་རྐྱེན་གྱི་སྐོར་ལས་ སྙན་ཞུ་ལྷོདཔ་ཅིག་ ལས་བྱེདཔ་དེ་ འཚོལ་ཡོདཔ་ཨིན་རུང་ བཀྲིས་སྒང་ལུ་ ཡར་སོ་ནུག་ཟེར་ཨིན་པས།
དགྲ་མེད་རྩེ་རྒེད་འོག་ལས་ ནགས་ཚལ་འགོ་དཔོན་གྱིས་ སླབ་མིའི་ནང་ རྐྱེན་ངན་དེ་ ག་དེ་སྦེ་བྱུང་ཡོདཔ་ཨིན་ན་ ཤེས་མ་ཚུགས་པར་ཡོདཔ་ལས་ ད་རིས་ ཤིང་བརྡབ་མི་ཕོ་སྐྱེས་དེ་ རྒེད་འོག་ཡིག་ཚང་ནང་ ཞིབ་དཔྱད་ཀྱི་དོན་ལུ་ ཡིག་ཚང་ནང་འོང་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
ནགས་ཚལ་མེ་རྐྱེན་དེ་ ཕྱི་རུའི་ཆུ་ཚོད་༥ དེ་ཅིག་ཁར་ བྱུང་ཡོདཔ་ལས་ མེ་བསད་མ་ཚུགས་རུང་ སྤྱི་ཟླ་༡༢ པའི་ཚེས་༢ ལུ་ ན་རང་དང་ དགྲ་མེད་རྩེ་རྒེད་འོག་༢ ལས་ འགོ་དཔོན་ཚུ་དང་ སློབ་དཔོན་ བདེ་སྲུངཔ་ ཁྲིམས་སྲུང་འགག་པ་ དེ་ལས་ མི་སེར་༡༠༠ དེ་ཅིག་གིས་ ཚད་འཛིན་འབད་ཚུགས་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *