མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།

རྐྱེན་ངན་དེ་ཡང་ འདས་པའི་བདུན་ཕྲག་ནང་ བྱུང་ཡོད་པའི་སྙན་ཞུ་འབད་ཡོདཔ་ད་ གནད་དོན་དེ་གི་སྐོར་ལས་ འགོ་ཐོག་ལུ་ སློབ་གྲྭའི་དབང་འཛིན་ཚུ་གིས་ ཤེས་རྟོགས་བྱུང་པའི་ཤུལ་ལས་ ཉམས་རྒུདཔ་སློབ་ཕྲུག་གི་ ཕམ་ཚུ་ལུ་ བརྡ་ལན་འབད་ཡོདཔ་བཞིན་དུ་ ཕམ་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།

བྱུང་རྐྱེན་དེ་ ཉམས་རྒུད་པའི་ ཕམ་གི་ཁྱིམ་ཚང་ཨིན་མི་ དོགས་པ་ཅན་གྱི་ཁྱིམ་ནང་ བྱུང་ཡོད་པའི་ དོགས་པ་ཡོདཔ་ད་ དོགས་ཅན་དེ་ སྨན་གཡོག་པ་ཨིན་པས།

གནས་ཚུལ་འབྱུང་ཁུངས་དང་འཁྲིལཝ་ད་ ཉམས་རྒུདཔ་བུམོ་དེ་དང་ དོགས་ཅན་གྱི་བར་ན་ དགའ་མཐུན་གྱི་འབྲེལ་བ་ཡོདཔ་བཞིན་དུ་ སྐྱེས་ལོ་༡༣ ལང་མི་ ཉམས་རྒུདཔ་དེ་ མོང་སྒར་རྫོང་ཁག་འོག་གི་ སློབ་གྲྭ་ཅིག་གི་སློབ་ཕྲུག་ཨིན་པས།

གནད་དོན་དེ་གི་སྐོར་ལས་ ད་ལྟོ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་ཚུ་ འཕྲོ་མཐུད་འབད་བའི་བསྒང་ཡོདཔ་ཨིན་པས།

དབང་བཙོང་ལུས་འབྲེལ་འབད་མ་འབད་ཀྱི་ དོགས་པ་བསལ་ནིའི་དོན་ལུ་ གསོ་བའི་བརྟག་དཔྱད་འབད་མིའི་ གྲུབ་འབྲས་སྙན་ཞུ་དེ་ལུ་ སྒུག་དོ་ཡོདཔ་ཨིན་པས།

འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལཝ་ད་ སྐྱེས་ལོ་༡༢ ཡན་ཆད་འབད་མི་ ན་གཞོན་བུམོ་ཚུ་ལུ་ དབང་བཙོང་ལུས་འབྲེལ་འབད་བ་ཅིན་ དབྱེ་རིམ་༢ པའི་ བཙོན་ཁྲིམས་ལོ་༩ དང་༡༥ འི་བར་ན་ཕོགཔ་སྦེ་ འཁོད་དེ་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *