༉ མོང་སྒར་འབྲིང་རིམ་སློབ་གྲྭ་འོག་མའི་ བསི་ཀེཌ་བཱོལ་རྩེད་ཐང་ནང་སྦེ་ ཉིན་གྲངས་༢༦ གི་རིང་ འགོ་འདྲེན་འཐབ་མི་ ཏའི་ཀཱོན་ཌོ་གི་ སྦྱོང་བརྡར་ལས་རིམ་ མཇུག་བསྡུ་མི་དང་འབྲེལ་ བཅའ་མར་གཏོགས་མི་ ན་གཞོན་སློབ་ཕྲུག་ཚུ་ལུ་ ལག་ཁྱེར་ཚུ་ བྱིན་ཡོདཔ་ཨིན།
མོང་སྒར་རྫོང་ཁག་གི་ སློབ་གྲྭ་ཁག་ལས་ སློབ་ཕྲུག་བུཚ་དང་ བུམོ་༦༧ གྱིས་ གནམ་བྱཱར་གྱི་ངལ་གསོ་སྐབས་ སློབ་སྟོན་དང་ སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ ཤེས་ཡོན་སྦྱང་བརྩོན་འབད་བའི་ཁར་ ཁྱད་རིག་དང་ལྡན་པའི་ ཉམས་མྱོང་ལེགས་ཤོམ་སྦེ་ར་ ཐོབ་ཡོདཔ་ཨིན་པས།
སྐྱེས་ལོ་༦ ལང་མི་ ངག་དབང་སྐལ་བཟང་རྒྱ་མཚོ་གིས་ སླབ་མིའི་ནང་ བློ་གསར་སློབ་རིམ་ནང་སྡོད་པའི་སྐབས་ ཏའི་ཀཱོན་ཌོ་གི་ རིག་རྩལ་ལྷབ་སྦྱང་འབད་ནི་ འགོ་བཙུགས་པའི་ཤུལ་ལས་ ད་རེས་ཀྱི་ སློབ་སྟོན་ལས་རིམ་ནང་ བཅའ་མར་གཏོགས་མི་ལུ་བརྟེན་ ཉམས་མྱོང་ལེ་ཤ་ཐོབ་ཅི་ཟེར་ཨིན་པས།
ཨིན་རུང་ སློབ་སྟོན་པ་ཚུ་གིས་ ཆོས་རྒྱུགས་རྐྱབ་པའི་སྐབས་ མཐར་འཁྱོལ་མ་ཚུགསཔ་ལས་ སེམས་ཕམ་སྦོམ་ཡོད་རུང་ ད་ལས་ཕར་ རྩ་འགེངས་ཏེ་ ལྷབ་སྦྱང་འབད་ནི་ཨིན་ཟེར་ མོང་སྒར་འབྲིང་རིམ་འོག་མའི་ སློབ་རིམ་དང་པའི་ནང་ དཔེ་ཆ་ལྷབ་མི་ ངག་དབང་སྐལ་བཟང་རྒྱ་མཚོ་གིས་ སླབ་ཨིན་པས།
ད་ལྟོ་ཚུན་ སྐེད་ཐག་ཧོནམོ་འབད་མི་ སློབ་རིམ་༦ པའི་སློབ་ཕྲུག་ བདེ་སྐྱིད་ཆོས་སྒྲོན་གྱིས་ ངག་ཐོག་དང་ ལག་ལེན་དངོས་ལྟར་གྱི་ཆོས་རྒྱུགས་ནང་ལས་ མཐར་འཁྱོལ་ཏེ་ ད་ལས་ཕར་ སྐེད་ཐག་དམརཔོ་ཐོབ་ཡོདཔ་ལས་ རྫོང་ཁག་ནང་འཁོད་ཀྱི་ འགྲན་བསྡུར་ལས་ རྒྱལ་ཁ་འཐོབ་ནིའི་དོན་ལུ་ རྩ་འགེངས་ནི་ཨིན་ཟེར་ཨིན་པས།
མོང་སྒར་འབྲིང་རིམ་སློབ་གྲྭ་གོང་མ་ལས་ སློབ་རིམ་༡༠ པའི་ནང་ལྷབ་མི་ སྟོབས་ལྡན་གྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ ཁོ་གིས་ སྐེད་ཐག་གནགཔོ་འཆང་ཡོདཔ་ལས་ དུས་ཅི་ རྒྱལ་ཡོངས་རྩེད་འགྲན་ནང་ལས་ རྒྱལ་ཁ་འཐོབ་ནིའི་དོན་ལུ་ སྦྱང་བ་ཚུ་ འཕྲོ་མཐུད་དེ་ འབད་བའི་ཁར་ ཕམ་ཚུ་གིས་ཡང་ རྒྱབ་སྐྱོར་ལེགས་ཤོམ་བྱིནམ་མས་ཟེར་ཨིན་པས།
ལྷག་པར་དུ་ ཁོ་གིས་ སླབ་མིའི་ནང་ སློབ་རིམ་༡༠ པ་དང་༡༢ པ་ལས་ མཐོ་རིམ་ཤེས་ཡོན་ལྷབ་ནི་ལུ་ མཐར་འཁྱོར་མ་ཚུགས་རུང་ ཏའི་ཀཱོན་ཌོ་སློབ་སྟོན་འབད་དེ་ གཞུང་དང་ མི་སེར་ལུ་ ཕྱག་ཞུ་ནིའི་ རེ་བ་ཡོད་ཟེར་ཨིན་པས།
སྟོབས་ལྡན་བཟུམ་སྦེ་ ཏའི་ཀཱོན་ཌོ་སློབ་སྟོན་དུས་མཉམ་འབད་མི་ གཡུ་རྒྱལ་དེ་ རྫོང་ཁག་གི་ ཏའི་ཀཱོན་ཌོ་ལས་རོགས་འགོ་དཔོན་སྦེ་ ཕྱག་ཞུ་བའི་ཁར་ བཅའ་མར་གཏོགས་མི་ཚུ་ལུ་ སློབ་སྟོན་ཡང་ འབད་དོ་ཡོདཔ་ལས་ ཁོ་ལུ་བརྟེན་སེམས་ཤུགས་བསྐྱེད་ཐོབ་ཅི་ཟེར་ སླབ་ཨིན་པས།
མོང་སྒར་རྫོང་ཁག་ ཤེས་རིག་གཙོ་འཛིན་འགོ་དཔོན་ དབང་ཕྱུག་གིས་ བཅའ་མར་གཏོགས་མི་ཚུ་ལུ་ སླབ་མིའི་ནང་ ཏའི་ཀཱོན་ཌོ་དེ་ རང་གི་ཉེན་སྲུང་དོན་ལུ་མ་གཏོགས་ མི་གཞན་ལུ་ དབང་མནོན་འབད་ནིའི་དོན་ལུ་མེན་ཟེར་ ཧ་གོ་དགོཔ་ གལ་ཆེ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཏའི་ཀཱོན་ཌོ་ལུ་བརྟེན་ ཕྱིའི་གཟུགས་ཁམས་བདེ་ཏོག་ཏོ་སྦེ་ བཞག་ཚུགསཔ་མ་ཚད་ ནང་གི་བསམ་པ་དང་སེམས་བསྐྱེད་ཡང་ བཅོ་ཁ་རྐྱབ་ཚུགས་པའི་ཁར་ དུས་གཏན་ཀྱང་ སྒྲིག་གི་ཐོག་ལུ་ སྡོད་ཚུགས་ནི་དེ་གིས་ ཧ་གོ་སྟེ་ ལྷབ་སྦྱང་འབད་དགོཔ་ཨིན་ཟེར་ ཨིན་པས།
རྫོང་ཁག་གི་ ཏའི་ཀཱོན་ཌོ་སློབ་སྟོན་པ་ ཚེ་དབང་འཆི་མེད་ཀྱིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ གནམ་བྱཱར་གྱི་ ངལ་གསོ་སྐབས་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་དོ་ཡོདཔ་བཞིན་དུ་ དུས་ཅི་ དུས་ཡུན་རིངམོ་སྦེ་ བཅའ་མར་གཏོགས་མི་ཚུ་ལུ་ སློབ་སྟོན་འབད་ཡོདཔ་མ་ཚད་ ཆོས་རྒྱུགས་ཡང་ འགོ་འདྲེན་འཐབ་ཚུགས་ཅི་ཟེར་ཨིན་པས།
ལས་རིམ་དེ་ འབྲུག་ཨོ་ལིམ་པིག་ཚོགས་པ་དང་ འབྲུག་ཏའི་ཀཱོན་ཌོ་ཚོགས་སྡེ་༢ ཀྱིས་ མ་དངུལ་གྱི་ རྒྱབ་སྐྱོར་འབད་ཐོག་ལས་ འགོ་འདྲེན་འཐབ་ཡོད་རུང་ རྫོང་ཁག་ནང་ དོ་འགྲན་སྦོམ་ཤོས་ར་ རྩེད་ཁང་མེད་པའི་དཀའ་ངལ་ཡོད་ཟེར་བའི་ བསམ་འཆར་བཤདཔ་ཨིན་པས།
སློབ་གྲྭའི་དུས་ཚོད་སྐབས་ ཏའི་ཀཱོན་ཌོ་སློབ་སྟོན་པ་ཚུ་གིས་ སློབ་གྲྭ་ཚུ་ནང་སོང་སྟེ་ སློབ་སྟོན་འབད་དོ་ཡོདཔ་ད་ མོང་སྒར་རྫོང་ཁག་གི་ ཏའི་ཀཱོན་ཌོ་སྡེ་ཚན་གྱིས་ ད་ཚུན་ རྒྱལ་ཡོངས་ཀྱི་ རྟགས་མ་མང་རབས་ཅིག་ ཐོབ་ཡོདཔ་ལས་ དུས་ཅི་ཡང་ རྩ་འགེངས་ཏེ་ དོ་འགྲན་འབད་ནི་ཨིན་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།