ནང་སྲིད་དང་སྲོལ་འཛིན་བློན་པོ་ ཨྱོན་རྡོ་རྗེ།

མོང་སྒར་རྫོང་ ཉམས་གསོ་ཞུ་ནིའི་དོན་ལུ་ འཆར་གཞི་༡༣ པའི་ནང་ཚུད་དགོཔ།

༉ འབྲུག་ལུ་ རྫོང་མང་ཧད་རྫོགསཔ་ཅིག་ ཉམས་ཆག་དང་ ཉམས་གསོ་ཞུ་རན་ཡོདཔ་ལས་ འཆར་གཞི་༡༣ པའི་ནང་ གཙོ་རིམ་གྱི་གྲལ་ཁར་ རྫོང་ག་དང་ག་ར་ བཙུགས་ནི་ཨིན་ན་ ཞལ་འཛོམས་འཚོགས་ཞིནམ་ལས་ དྭངས་གསལ་བཟོ་ནི་ཨིན་པས།
དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ནང་ དྲི་བཀོད་འབད་བའི་སྐབས་ མོང་སྒར་འདེམས་ཁོངས་ཀྱི་འཐུས་མི་ ཀརྨ་ལྷ་མོ་གིས་ དྲི་བ་ཞུ་བའི་ལན་ལུ་ ནང་སྲིད་དང་སྲོལ་འཛིན་བློན་པོ་ ཨྱོན་རྡོ་རྗེ་གིས་ ཞུ་ཡོདཔ་ཨིན།
འཐུས་མི་ཀརྨ་ལྷ་མོ་གིས་ ནང་སྲིད་དང་སྲོལ་འཛིན་བློན་པོ་ལུ་ ཞུ་མིའི་ནང་ དྲི་བ་དེ་ ཧེ་མའི་ ཚོགས་ཐེངས་ནང་ཡང་ གསུང་གྲོས་བྱུང་ཡོད་རུང་ ཁག་ཆེ་ཧིང་དང་འཁྲིལ་ཏེ་ ད་རུང་ དྲན་གསོ་སྦེ་ཞུ་དོ་ཟེར་ཨིནམ་ད་ དེ་ཡང་ མོང་སྒར་རྫོང་དེ་ རྫོང་གཞན་ཚུ་དང་ཕྱདཔ་ད་ མ་འདྲཝ་སྦེ་ཡོད་ཟེར་ཨིན་པས།
ལོ་༦༧ གྱི་ཧེ་མར་ མོང་སྒར་རྫོང་དེ་ རྫོང་སྦེ་བཞེངས་བཞེངསམ་མེན་པར་ སྣ་ཚང་སྦེ་བཞེངས་ཏེ་ ལག་ལེན་འཐབ་ནུག་ཟེར་ཨིནམ་ད་ དེ་བསྒང་ རྫོང་ཁག་གི་ རབ་སྡེ་དེ་ ཧེ་མ་ཡོད་པའི་ གཞོང་སྒར་རྫོང་རྙིངམ་ནང་ ཨིན་མས་ཟེར་ཞུ་ཡི།
ད་ལྟོའི་རྫོང་དེ་ གནམ་བྱཱར་ལུ་ རབ་སྡེའི་བཞུགས་གནས་སྦེ་ བསྟར་སྤྱོད་འབད་ཡོདཔ་ད་ གནམ་དགུན་ལུ་ གཞོང་སྒར་རྫོང་རྙིངམ་ནང་ རབ་སྡེའི་དགེ་སློང་ཚུ་ བཞུགས་ནུག་ཟེར་ཨིན་པས།
ཨིན་རུང་ གཞོང་སྒར་རྫོང་དེ་ ས་ཡོམ་གྱིས་རྐྱེན་ལུ་བརྟེན་ རྩ་བ་ལས་ར་ ཉམས་ཆག་ཤོར་བའི་ཤུལ་ལས་ སྣ་ཚང་སྦེ་སྤྱོད་མི་ རྫོང་དེ་ནང་ སྤོ་བཤུད་འབད་དེ་ བཞུགས་ནུག་ཟེར་ཨིན་པས།
ད་ལྟོའི་རྫོང་དེ་ དབུ་རྩེ་ག་ནི་བ་ཆུང་བའི་ཁར་ རྫོང་དེ་ རབ་སྡེའི་དོན་ལུ་ སྐུ་མཆོད་འབུམ་སྡེ་དང་ ཚོགས་འཁོར་ ཚེས་བཅུ་ཚུ་ ག་ཅི་ར་འགོ་འདྲེན་འཐབ་རུང་ ས་གོ་སྦོམ་མེད་པར་ གོ་དོག་དྲགས་ཡོད་ནི་དེ་གིས་ མ་ཤོང་པའི་དཀའ་ངལ་འདུག་ཟེར་ འཐུས་མི་གིས་ཞུ་ཡི།
ལྷག་པར་དུ་ དགེ་སློང་ཚུ་བཞུགས་སའི་ གྲྭ་ཤག་གི་ཤིང་ཚུ་ཡང་ རུལ་ཡོད་པའི་དཀའ་ངལ་སྣ་ཚོགས་ཡོདཔ་ལས་ སྤྱི་ལོ་༢༠༡༨ ལུ་ སྲིད་དོན་ཚོགས་པའི་ འདེམས་ངོ་ག་ར་གིས་ རྫོང་དེ་ རྩ་བ་ལས་ར་ བསྐྱར་བཞེངས་འབད་ནི་སྦེ་ ཁས་བླངས་འབད་ཡོདཔ་མ་ཚད་ ནང་སྲིད་དང་སྲོལ་འཛིན་བློན་པོ་བགྲེསཔ་གིས་ཡང་ རྫོང་ནང་བྱོན་པའི་ཤུལ་ལས་ མི་སེར་ཚུ་ལུ་ འཆར་གཞི་༡༢ པ་མཇུག་མ་བསྡུཝ་ཅིག་ལུ་ བཞེངས་ནི་སྦེ་ ཞུ་ནུག་ཟེར་ཨིན་པས།
ཨིན་རུང་ འཆར་གཞི་༡༢ པ་ནང་ བཞེངས་མ་ཚུགས་མི་དེ་ཡང་ ནད་ཡམས་ལུ་བརྟེན་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་ འབྱེམ་ཕོག་པའི་དཀའ་ངལ་བྱུང་མི་དེ་ མི་སེར་ཚུ་གིས་ཡང་ ཧ་གོ་ནུག་ཟེར་ཞུ་ཡི།
ད་ལྟོའི་གཞུང་གིས་ གནས་ཡུན་མ་རྫོགསཔ་ཅིག་ཁར་ འཆར་གཞི་༡༣ པའི་འཆར་གཞི་དང་ ལས་སྣ་ཚུ་བརྩམས་ཏེ་བཞག་དགོ་ནི་དེ་གིས་ མོང་སྒར་རྫོང་བསྐྱར་བཞེངས་འབད་ནིའི་དོན་ལུ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གིས་ འཆར་གཞི་༡༣ པའི་ནང་ ཟིན་བྲིས་ནང་ གཙོ་རིམ་ཚུ་ ག་དེ་སྦེ་ར་སྒྲིག་ཏེ་ཡོད་ག་དང་ མི་སེར་གྱི་རེ་བ་འབད་བ་ཅིན་ རྫོང་གསར་བཞེངས་དེ་ གཙོ་རིམ་ཅན་ཅིག་ནང་ ཚུད་དགོཔ་སྦེ་ གསོལ་འདེབས་ཞུཝ་མས་ཟེར་ འཐུས་མི་གིས་ཞུ་ཡི།
དེ་ལུ་ ནང་སྲིད་དང་སྲོལ་འཛིན་བློན་པོ་ ཨྱོན་རྡོ་རྗེ་གིས་ ཞུ་མིའི་ནང་ གཞུང་འབྲེལ་ཧོངས་ལས་ ལྷན་རྒྱས་གཞུང་ཚོགས་ནང་ འཆར་གཞི་༡༣ པ་བརྩམས་ནིའི་ཐད་ཀར་ དེ་གི་གཞི་བཀོད་དང་ ལམ་སྟོན་གུ་ གསུང་གྲོས་དང་པ་ སྤྱི་ཟླ་༡༡ པའི་ཚེས་༢༡ ལུ་གནང་ཡི་ཟེར་ཨིན་པས།
ད་རེས་ འཆར་གཞི་༡༣ པའི་དོན་ལུ་ གཞི་བཀོད་དང་ལམ་སྟོན་གུ་ གསུང་གྲོས་གནང་སྟེ་ ལཱ་འགོ་བཙུགས་དང་ མ་བཙུགས་གུ་ལྷོད་དེ་ཡོདཔ་སྦེ་ བློན་པོ་གིས་ཞུ་ཡི།
དང་པ་ འཆར་གཞིའི་གཙོ་རིམ་དང་ གཉིས་པ་ འཆར་དངུལ་གྱི་འབོར་ཚད་ ལང་མ་ལང་དང་ སྟབས་བདེཝ་དང་མ་བདེཝ་གི་གནས་སྟངས་ཚུ་ ག་ར་བལྟ་ཞིནམ་ལས་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་དང་ དཔལ་འབྱོར་གོང་འཕེལ་དང་ མི་སྡེ་དཔལ་འབྱོར་གྱི་དོན་ལུ་ འཆར་གཞི་དང་ ལས་སྣ་བརྩམ་པའི་སྐབས་ སེམས་ཁར་བཞག་སྟེ་ འཆར་གཞི་བརྩམ་ནིའི་དོན་ལུ་ དྲན་གསོ་འབད་མི་གིས་ ཁེ་ཕན་འབྱུང་ཚུགས་ཟེར་ བློན་པོ་གིས་ཞུ་ཡི།
འཆར་གཞི་༡༣ པ་བརྩམ་ནིའི་དོན་ལུ་ ད་ལྟོ་ ལཱ་འགོ་བཙུགསཔ་ཅིག་འབད་ནི་དེ་གིས་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ཧོངས་ལས་ རྫོང་གི་ཐད་ཁར་ འཆར་གཞིའི་གཙོ་རིམ་ནང་ བཙུགས་ཡོདཔ་སྦེ་ ཞུ་ནི་ལུ་ འོས་འབབ་མིན་འདུག་ཟེར་ བློན་པོ་གིས་ དོགས་སེལ་ཞུ་ཡི།
མི་སེར་གྱི་ རེ་བ་བཞིན་དུ་ གྲོས་འདེབས་ཕུལ་མི་དེ་ སེམས་ཁར་བཞག་ཞིནམ་ལས་ གཞུང་ལུ་ དེ་སྦེ་ར་ གྲོས་འདེབས་ཕུལ་ནི་ཨིན་ཟེར་ བློན་པོ་གིས་ ཚོགས་ཁང་ལུ་ཞུ་ཡི།
བློན་པོ་གིས་ ཞུ་མིའི་ནང་ མོང་སྒར་རྫོང་དེ་ ཟད་འགྲོ་མང་ཧད་རྫོགསཔ་ཅིག་བཏང་སྟེ་ བཞེངས་དགོཔ་ལས་ ཤར་ཕྱོགས་ཁ་ཐུག་ བཀྲིས་གཡང་རྩེ་རྫོང་དང་ མོང་སྒར་རྫོང་ དབུས་ཕྱོགས་ལུ་ བྱ་དཀར་རྫོང་དང་ གཞལམ་སྒང་རྫོང་ ནུབ་ཕྱོགས་རྫོང་ཁག་ནང་ཡང་ རྫོང་༣ དེ་ཅིག་ གཙོ་རིམ་ནང་ ཚུད་དེ་འདུག་ཟེར་ཨིན་པས།
ཨིན་རུང་ དེ་ཚུ་ག་ར་ སྟབས་གཅིག་ཁར་ བཞེངས་ཚུགས་ག་ཟེར་བ་ཅིན་ རྒྱལ་ཁབ་ཀྱི་མ་དངུལ་གྱིས་ ལང་མ་ལང་འབྱུང་སྲིད་ནི་དང་ རྫོང་ཚུ་ གཙོ་རིམ་བསྒྲིག་པའི་སྐབས་ དྭངས་གསལ་ཐོག་ལས་ ཚད་གཞི་དང་ཁྱད་ཚད་ཚུ་ ལེགས་ཤོམ་སྦེ་ དབྱེ་ཞིབ་འབད་ཞིནམ་ལས་ འཆར་གཞི་༡༣ པའི་ནང་ ག་དང་ག་ར་ བཙུགས་ནི་ཨིན་ན་དང་ དེ་ལས་ མཉམ་འབྲེལ་ཞལ་འཛོམས་འགོ་འདྲེན་འཐབ་ཞིནམ་ལས་ བཙུགས་ཚུགས་པའི་རེ་བ་ཡོད་ཟེར་ བློན་པོ་གིས་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *