༉ བསོད་ནམས་དཔལ་འཛོམས་ཀྱིས་ དོ་འགྲན་ཅན་གྱི་ འདེམས་ངོ་ལེ་ཤ་ཡོད་མི་ལུ་བརྟེན་ མོང་སྒར་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ བཙག་འཐུ་གྲུབ་ཚུགས་པའི་ རེ་བ་མེད་དེ་འབད་རུང་ མི་སེར་ཚུ་གིས་ གདམ་འཐུ་འབད་མི་ལུ་ མོ་ར་ ཧ་ལས་དགོཔ་བྱུང་ཡོདཔ་ཨིན་པས།
དེ་ཡང་ རྩ་མང་རྒེད་འོག་ འབྲང་མ་གླིང་གཡུས་ཚན་ལས་ སྐྱེས་ལོ་༣༢ ལང་མི་ བསོད་ནམས་དཔལ་འཛོམས་ཀྱིས་ སླབ་མིའི་ནང་ འདེམས་ངོ་སྦེ་ མོ་གིས་ རྒྱལ་ཁ་འཐོབ་ནིའི་ རེ་བ་མ་བསྐྱེད་མི་དེ་ཡང་ ད་ལྟོ་ཚུན་ རྫོང་ཁག་དང་ རྒེད་འོག་ཚུ་ནང་ལས་ཕར་ ལོ་རྒྱུས་སླབ་དོ་བཟུམ་འབད་བ་ཅིན་ ཚེ་རིང་དབང་ཆེན་དང་ གནས་ཅུ་ དེ་ལས་ བསོད་ནམས་དབང་ཕྱུག་ཚུ་གིས་ རྒྱལ་ཁ་འཐོབ་འོང་ཟེར་ ཡོངས་གྲགས་ཁྱབ་ཡོད་མི་ལུ་བརྟེན་ཨིན་པས།
ཨིན་རུང་ དོ་འགྲན་འབད་མི་ ཕོ་སྐྱེས་༡༢ ཀྱི་གྲས་ལས་ ཨམ་སྲུ་མོ་ཕུད་རྡོག་གཅིག་ལུ་ མོང་སྒར་གྱི་ མི་སེར་ཡོངས་ཀྱིས་ བློ་གཏད་དང་ ཡིད་ཆེས་ཐོག་ལས་ འགན་ཁུར་བཀལ་གནང་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་དང་ ད་ལས་ཕར་ ཅི་ལྕོགས་གང་ལྕོགས་ཀྱི་སྒོ་ལས་ ཕྱག་ཞུ་ནི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ རྫོང་ཁག་ལས་ མི་སེར་གྱི་འཐུས་ཚབ་སྦེ་ སྤྱི་ཚོགས་༣ པའི་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་གནང་ཡོདཔ་ལས་ ཤར་ཕྱོགས་རྫོང་ཁག་ཚུ་ནང་མ་ཚད་ རྒྱལ་ཡོངས་ནང་ དཔེ་སྟོན་བཏུབ་ཅིག་སྦེ་ར་ ཕྱག་ཞུ་ནི་དང་ དུས་དང་བསྟུན་ འགྱུར་བ་འགྱོ་དོ་ཡོདཔ་ལས་ རྒྱལ་ཡོངས་ཚོགས་སྡེའི་ནང་ ཁྲིམས་དང་ སྲིད་བྱུས་བསྐྱར་ཞིབ་དང་ གསར་བརྩམ་འབད་ནི་ལུ་ གཙོ་རིམ་བཟུང་ནི་ཟེར་ཨིན་པས།
བསོད་ནམས་དཔལ་འཛོམས་ཀྱིས་ ཚོགས་རྒྱན་༢,༤༠༦ ཐོབ་སྟེ་ བཙག་འཐུ་གྲུབ་མི་དེ་ ཁ་ཙ་ ཉིན་མ་ཚོགས་རྒྱན་འཕྲུལ་ཆས་ནང་༡,༣༩༤ དང་ འགྲེམ་ཐོག་ཚོགས་རྒྱན་༡,༠༡༢ ཐོབ་ཡོདཔ་ཨིན་པས།
ན་རང་རྒེད་འོག་ལས་ ཚེ་རིང་དབང་ཆེན་གྱིས་ ཚོགས་རྒྱན་བསྡོམས་༢,༢༣༤ ཐོབ་མི་ལས་ ཚོགས་རྒྱན་འཕྲུལ་ཆས་ནང་༡,༣༥༣ དང་ འགྲེམ་ཐོག་ཚོགས་རྒྱན་༨༨༡ ཐོབ་ཡོད་རུང་ ཚོགས་རྒྱན་༡༧༢ གྱིས་ ཕམ་ཡོདཔ་ཨིན་པས།
སྔ་ཚང་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་ བསོད་ནམས་དབང་ཕྱུག་གིས་ ཚོགས་རྒྱན་ཡོངས་བསྡོམས་༢,༡༢༩ ཐོབ་མི་ལས་ འགྲེམ་ཐོག་ཚོགས་རྒྱན་༧༦༠ དང་ འཕྲུལ་ཆས་ཚོགས་རྒྱན་༡,༣༦༩ ཐོབ་ ཡོདཔ་ལས་ ཚོགས་རྒྱན་གྲངས་༢༧༧ གྱིས་ ཕམ་སོ་ནུག།
ས་གླིང་རྒེད་འོག་ལས་ གནས་ཅུ་གིས་ ཚོགས་རྒྱན་བསྡོམས་༢,༠༩༧ ཐོབ་མི་ལས་ འཕྲུལ་ཆས་ཚོགས་རྒྱན་༡,༠༡༡ དང་ འགྲེམ་ཐོག་ཚོགས་རྒྱན་༩༡༢ ཐོབ་ནུག།
ཤེར་མུ་ཧཱུཾ་ལས་ འཆི་མེད་རྡོ་རྗེ་གིས་ ཚོགས་རྒྱན་བསྡོམས་༦༧༤ དང་ ཙ་ཀ་གླིང་རྒེད་འོག་ལས་ འཇམ་དབྱངས་ བློ་གྲོས་ཀྱིས་ ཚོགས་རྒྱན་༡,༥༠༩ ལྕགས་སི་མཁར་རྒེད་འོག་ལས་ གནས་བརྟན་གྱིས་ ཚོགས་རྒྱན་༡,༢༡༩ སི་ལམ་སྦི་རྒེད་འོག་ལས་ པདྨ་རྡོ་རྗེ་གིས་ ཚོགས་རྒྱན་༡,༣༠༣ དེ་ལས་ མོང་སྒར་རྒེད་འོག་ལས་ རིན་ཆེན་རྡོ་རྗེ་གིས་ ཚོགས་རྒྱན་༡,༠༥༢ བཱ་ལམ་རྒེད་འོག་ལས་ ཚེ་རིང་དཔལ་འབྱོར་གྱིས་ ཚོགས་རྒྱན་༥༨༩ དང་ ཐང་རོང་རྒེད་འོག་ལས་ ཨྱོན་རྡོ་རྗེ་གིས་ ཚོགས་རྒྱན་༦༤༤ དགྲ་མེད་རྩེ་རྒེད་འོག་ལས་ ཨྱོན་ཚེ་རིང་གིས་ ཚོགས་རྒྱན་༥༡༡ དེ་ལས་ སྐྱེངས་མཁར་རྒེད་འོག་ལས་ ཡེ་ཤེས་ལྷུན་གྲུབ་ཀྱིས་ ཚོགས་རྒྱན་༡,༤༣༦ ཐོབ་ཡོདཔ་ཨིན་པས།
སྐྱེས་ལོ་༨༤ ལང་མི་ ཨང་རྒས་རྡོ་རྗེ་ལྷ་མོ་གིས་ བསམ་འཆར་བཀོད་མིའི་ནང་ མི་དབང་མངའ་བདག་རིན་པོ་ཆེའི་མངའ་འོག་ལུ་ དགའ་སྐྱིད་ཀྱི་ངང་ལུ་ མི་ཚེ་སྐྱོང་ཡོདཔ་བཞིན་དུ་ མི་དབང་མཆོག་གིས་ གསོལ་རས་གནང་མི་དེ་ དོན་དང་ལྡནམ་ཅིག་བཟོ་ནིའི་དོན་ལུ་ ཁ་ཙ་དྲོ་པའི་ཆུ་ཚོད་༧ ལུ་ ར་ལྡི་ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་ འོང་ཞིནམ་ལས་ ཚོགས་རྒྱན་བཙུགས་ཡོདཔ་ལས་ མོ་ར་ བསམ་པ་རྫོགས་ཅི་ཟེར་ཨིན་པས།
བཱ་ལམ་རྒེད་འོག་ལས་ སྐྱེས་ལོ་༦༧ ལང་མི་ སངས་རྒྱས་སྒྲོལ་མ་གིས་ སླབ་མིའི་ནང་ མི་དབང་མངའ་བདག་ རིན་པོ་ཆེ་མཆོག་གིས་ དམངས་གཙོའི་རིང་ལུགས་ཀྱི་གཞུང་ གཞི་བཙུགས་གནང་ཡོདཔ་བཞིན་དུ་ དུས་ཅི་ མི་སེར་གྱི་འཐུས་ཚབ་སྦེ་ གདམ་ངོ་ལྕོགས་གྲུབ་དང་ལྡན་མི་ལུ་ གསང་བའི་ཚོགས་རྒྱན་བཙུགས་ནིའི་གོ་སྐབས་ ཐོབ་མི་གིས་ གཞུང་དང་ མི་སེར་གྱི་བར་ན་ གདམ་འཐུ་འབད་མི་ འདེམས་ངོ་ཚུ་གིས་ ཞབས་ཏོག་ ལེགས་ཤོམ་ ཞུ་ས་མཐོང་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ མི་སེར་གྱི་སྐྱིད་སྡུག་དང་ དཀའ་ངལ་ཚུ་ དེ་འཕྲོ་ལས་ སེལ་ཚུགས་ནིའི་དོན་ལུ་དང་ རྩ་བ་༣ ལུ་ ཕྱག་ཕྱིད་གང་དྲག་ཞུ་ཚུགས་ཐབས་ལུ་ སྨོན་ལམ་ལེགས་ཤོམ་བཏབ་ཞིནམ་ལས་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་༢ རྐང་སྟོང་སྦེ་ འོང་སྟེ་ ཚོགས་རྒྱན་བཙུགས་ཅི་ཟེར་ཨིན་པས།
རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་ཆོག་མི་བསྡོམས་༣༤,༠༨༢ ཡོད་ས་ལས་ ཕོ་སྐྱེས་༡༦,༣༧༣ དང་ ཨམ་སྲུ་༡༧,༧༠༩ ཡོདཔ་ད་ ཁ་ཙ་ ཚོགས་རྒྱན་འཕྲུལ་ཆས་ནང་ ཚོགས་རྒྱན་༡༡,༤༦༤ བཙུགས་ས་ལས་ ཕོ་སྐྱེས་༤,༨༢༩ དང་ ཨམ་སྲུ་༦,༦༣༥ འོང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་བསྡོམས་༦,༣༩༩ ཡོད་ས་ལས་ ཕོ་སྐྱེས་༣,༩༢༦ དང་ ཨམ་སྲུ་༢,༥༠༩ གིས་ བཙུགས་ཡོད་རུང་ འགྲེམ་ཐོག་ཚོགས་རྒྱན་༡༧༦ ཆ་མེད་བཏང་དགོཔ་བྱུང་ཡོདཔ་ད་ ཚོགས་རྒྱན་འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་བསྡོམས་ མི་གྲངས་༡༧,༨༦༣ ཡོདཔ་ཨིན་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།