རྒྱལ་པོའི་ཞིང་དང་ ངང་ལམ་གཞུང་ལམ་གཉིས་ཀྱི་བར་ན་ མཐུད་སྤྲེལ་འབད་མི་ ཟམ་གསརཔ།

མོང་སྒར་རྒྱལ་པོའི་ཞིང་དང་ ངང་ལམ་གྱི་གཞུང་ལམ་ མཐུད་སྦྲེལ་འབད་ཡོདཔ།

ལོ་ངོ་མང་རབས་ཅིག་ བསྒུགས་སྡོད་པའི་ཤུལ་ལུ་ ད་རེས་ནངས་པར་ རྒྱལ་པོའི་ཞིང་དང་ ངང་ལམ་གཞུང་ལམ་གཉིས་ཀྱི་བར་ན་ ཟམ་གསརཔ་ཅིག་ བཟོ་སྐྲུན་འབད་ཐོག་ལས་ མཐུད་སྤྲེལ་འབད་ཡོདཔ་ལས་ མི་སེར་ཚུ་ རྒྱུན་འགྲུལ་འཐབ་ནི་གི་དོན་ལུ་ སག་ལང་སྟེ་སྡོད་སར་ མཐོངམ་ཨིན་པས།

དེ་ཡང་ བཀྲིས་སྒང་ལས་བབས་མི་ གོང་རི་ཆུ་དང་ མོང་སྒར་ལས་བབས་མི་ ཀུར་རི་ཆུ་གཉིས་འཛོམས་ས་ལུ་ མོང་སྒར་ལུ་ཡོད་པའི་ ལུང་ཕྱོགས་ལམ་སེལ་ལས་སྡེ་གི་ བཟོ་རིག་འགོ་དཔོན་༣༠ གིས་ གོང་རི་ཆུའི་གུ་ལས་ སྤྱི་ཟླ་༢ པའི་ཚེས་༢༡ ལས་ འགོ་བཙུགས་མི་ དེང་སང་ལུགས་ཀྱི་ཟམ་ རིང་ཚད་ཕིཊ་༡༩༠ འབད་མི་དེ་ ཟླཝ་འདི་གི་ཚེས་༢༧ ལུ་ མཇུག་བསྡུ་ཡི།

རིང་ཚད་ཕིཊ་༡༩༠ དང་ རྒྱ་ཚད་མི་ཊར་༦ འབད་མི་ ཟམ་དེ་གིས་ ལྗིད་ཚད་མེ་ཏིག་ཏཱོན་༣༠ འབག་ཚུགས་ནི་ཨིནམ་ད་ མཐར་འཁྱོལ་ཅན་སྦེ་ བཟོ་སྐྲུན་འབད་ཚར་རུང་ གཞུང་འབྲེལ་ཐོག་ལས་ སྣུམ་འཁོར་རྒྱུན་འགྲུལ་འཐབ་ནི་དེ་ ད་རུང་ ཟླཝ་༡ ལྷགཔ་ཅིག་ འགོར་ནི་དང་ ལྷག་པར་དུ་ མཛད་སྒོའི་རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བྱོན་གནང་བའི་རེ་བ་ཨིན་པས།

ལུང་ཕྱོགས་ལམ་སེལ་ཡིག་ཚང་ལས་ བཟོ་རིག་གཙོ་འཛིན་འགོ་དཔོན་ ཀརྨ་རིན་འཛིན་གྱིས་ སླབ་མིའི་ནང་ ལུང་ཕྱོགས་ཡིག་ ཚང་ལས་ བཟོ་རིག་འགོ་དཔོན་༢༧ དང་ ཐིམ་ཕུག་བཟོ་རིག་ལས་ཚན་ལས་ བཟོ་རིག་འགོ་དཔོན་༣ བརྩིས་ཏེ་ བཟོ་རིག་འགོ་དཔོན་༣༠ དང་ ལས་མི་༣༠ གིས་ མཉམ་རུབ་ཐོག་ལས་ བྱ་སྟབས་མ་བདེཝ་ ག་ནི་ཡང་མ་འཐོན་པར་ གོང་རི་ཆུའི་གུ་ལས་ ལྕགས་ཟམ་སྤྲིངས་ཚུགས་ནི་དེ་གིས་ གྲུབ་འབྲས་ལེགས་ཤོམ་བྱུང་ཡི་ཟེར་ཨིན་པས།

མ་གཞི་ ཟམ་རྐྱབ་ནི་དེ་ སྤྱི་ལོ་༢༠༡༧ གྱི་ཟླཝ་༩ པ་ལས་ འགོ་བཙུགས་ཡོདཔ་ཨིན་རུང་ གནམ་གཤིས་ལུ་བརྟེན་ སྤྱི་ཟླ་༡༡ པ་ལས་བརྒལ་ འགོ་བཙུགས་མ་ཚུགས་ཟེར་ཨིནམ་ད་ ཟམ་གསརཔ་དེ་ རྒྱ་གར་གཞུང་གིས་ དངུལ་ཀྲམ་ས་ཡ་༡༩.༥ གྲོགས་རམ་བྱིན་ཐོག་ལས་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།

བཟོ་རིག་གཙོ་འཛིན་འགོ་དཔོན་ ཀརྨ་རིན་འཛིན་གྱིས་ སླབ་མིའི་ནང་ ཕྱོགས་༢ ཆ་ལས་ ཟམ་ཚུན་ འཁོར་ལམ་རྩི་ནག་གཏང་ཚར་ནི་ལུ་ བསྡོམས་ཀི་ལོ་མི་ཏར་༡༠ དེ་ཅིག་ཡོད་ཟེར་ཨིནམ་ད་ དེ་ཡང་ རྒྱལ་པོའི་ཞིང་ལས་ ཀི་ལོ་མི་ཏར་༥ དེ་ཅིག་དང་ ངང་ལམ་ལས་ ཀི་ལོ་མི་ཏར་༤ ལྷགཔ་ཅིག་ ལུས་ཡོད་མི་ཚུ་ བདུན་ཕྲག་དག་པ་ཅིག་ནང་ མཇུག་བསྡུ་ཚུགས་ཟེར་ཨིན་པས།

ཀི་ལོ་མི་ཏར་༧༦ འབད་མི་ གཞུང་ལམ་དེ་ གཞུང་འབྲེལ་དུ་ རྒྱུན་འགྲུལ་འཐབ་པ་ཅིན་ དུས་ཡུན་ཆུ་ཚོད་ཕྱེད་དང་༣ དང་༣ ལས་མི་འགོར་ནི་ཨིནམ་ད་ རྒྱལ་པོའི་ཞིང་ལས་ ཆུ་འཛོམས་ཚུན་ ཀི་ལོ་མི་ཏར་༣༤ དང་ ངང་ལམ་ལས་ ཀི་ལོ་མི་ཏར་༤༢ དེ་ཅིག་ཡོདཔ་མ་ཚད་ ཟམ་༢༠ དེ་ཅིག་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།

གཞུང་ལམ་དེ་ སའི་ཆགས་ཚུལ་དང་ གནས་སྟངས་ཙུབ་དྲགས་ཅན་ཚུ་ནང་ སེལ་ཡོདཔ་ལས་ གནམ་དགུན་ལུ་ རྡོ་དང་ ཤིང་འབུད་འོང་ནིའི་ཉེན་ཁ་དང་ གནམ་བྱཱར་ལུ་ ཆུ་རུད་དང་ ས་རུད་ཆད་འོང་ནིའི་ ཉེན་ཁ་འདུག།

གཞུང་ལམ་སེལ་ནི་འགོ་བཙུགས་ཏེ་ ལོ་ངོ་༡༠ ལྷགཔ་ཅིག་ ལང་ཡོདཔ་ད་ དེ་ཡང་ འཆར་གཞི་༩ པའི་ལོ་༥ ལས་ འགོ་བཙུགས་མི་ལས་འགུལ་དེ་ འཆར་གཞི་༡༢ པའི་ལོ་༥ ནང་ མཇུག་བསྡུ་ཚུགས་ཡོདཔ་ཨིན་པས།

གཙོ་འཛིན་འགོ་དཔོན་ ཀརྨ་རིན་འཛིན་གྱིས་འབད་བ་ཅིན་ འགྲོ་འགྲུལ་འབད་མི་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ རྒྱུན་འགྲུལ་ འཐབ་ཚུགས་ནིའི་དོན་ལུ་ ཉེན་ཁ་ཅན་གྱི་ས་གནས་ རྩུབ་དྲགས་ཅན་ཚུ་ནང་ རྩི་ས་དང་ ལྕགས་བཙུགས་བཞག་ནིའི་འཆར་ གཞི་ཡོདཔ་མ་ཚད་ རྡོ་དང་ རག་རོག་འབུད་འོང་མི་ཚུ་ བཀག་ཐབས་ཀྱི་ ཐབས་ལམ་ཚུ་ བཏོན་ནིའི་ལས་རིམ་ཡོད་ཟེར་ སླབ་ཨིན་པས།

གཞུང་ལམ་དེ་གི་དོན་ལུ་ རྒྱ་གར་གཞུང་གིས་ དངུལ་ཀྲམ་ས་ཡ་༢,༣༠༣ གྲོགས་རམ་འབད་ཡོདཔ་བཞིན་དུ་ ད་ལས་ཕར་ མོང་སྒར་དང་ ལྷུན་རྩེ་ བུམ་ཐང་ བཀྲིས་སྒང་ བཀྲིས་གཡང་རྩེ་ དེ་ལས་ པདྨ་དགའ་ཚལ་རྫོང་ཁག་ཚུ་ནང་ དཔལ་འབྱོར་གོང་འཕེལ་འགྱོ་ཚུགས་ནི་ཨིནམ་མ་ཚད་ མི་སྡེ་དཔལ་འབྱོར་ཡར་འཕེལ་འགྱོ་ནི་ལུ་ཡང་ ཁེ་ཕན་འབྱུང་ཚུགས་ནི་ཨིན་པས།

མོང་སྒར་ལས་ སྐྱེས་ལོ་༥༧ ལང་མི་ སོ་ནམ་པ་ བསོད་ནམས་ཡེ་ཤེས་ཀྱིས་ སླབ་མིའི་ནང་ གཞུང་ལམ་དེ་ལུ་ བཟོ་སྐྲུན་གྱི་ཅ་ཆས་དང་ བཟའ་འཐུང་གི་གོང་ཚད་ཚུ་ མར་འབབ་འགྱོ་ནིའི་རེ་བ་བསྐྱེད་དོ་ཟེར་ཨིནམ་ད་ དེ་ཡང་ ད་ལྟོ་ཚུན་ ཉིན་ལམ་༢ དང་༣ གྱི་རིང་ བསམ་གྲུབ་ལྗོངས་མཁར་བརྒྱུད་དེ་ ཕུན་ཚོགས་གླིང་ལས་ཚོང༌བཏོན༌མི༌དེ༌ ད༌རེས༌ ཉིནམ༌༡ ལུ༌ ལྷོད༌ནི༌ དེ༌གིས༌ཨིན༌ཟེར༌ ཨིན༌པས།

དེ་བཟུམ་སྦེ་ རྒྱལ་པོའི་ཞིང་ཁྲོམ་དང་ རྫོང་ཁག་ཁྲོམ་ནང་ ཚོང་གི་ལཱ་འབད་མི་ ཡར་སེང་འགྱོ་ནི་ཨིནམ་ལས་ སོ་ནམ་པའི་ ཐོན་སྐྱེད་ཚུ་ བཙོང་ནི་ལུ་ཡང་ ཁེ་ཕན་འབྱུང་ཚུགས་ནི་ཨིན་པའི་ཁར་ རང་མགོ་རང་འདྲོངས་སྦེ་ སྡོད་ཚུགས་ནི་ལུ་ ལྷན་ཐབས་མཐོངམ་མས་ཟེར་ ཁོ་གིས་ སླབ་ཨིན་པས།

སྣུམ་འཁོར་གྱི་ཅ་ཆས་ཚུ་ བཙོང་སྡོད་མི་ རྟ་མགྲིན་དབང་མོ་གིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་པོའི་ཞིང་ཁྲོམ་ནང་ མི་ རློབས་ཉུང་མི་དང་ སྣུམ་འཁོར་ཡང་ ཚད་ཅིག་ལས་བརྒལ་མེད་མི་དེ་ གཞུང་ལམ་མཐུད་སྦྲེལ་འབད་ནིའི་དོན་ལུ་ བསྒུགས་སྡོད་ཡོདཔ་བཞིན་དུ་ ཡུན་རིངམོ་གི་ཤུལ་ལས་ གྲུབ་འབྲས་ཐོན་མི་ལུ་བརྟེན་ ཚོང་ལམ་ལེགས་ཤོམ་འགྱོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

ཟམ་བཟོ་སྐྲུན་འབད་མིའི་ བཀྲིན་དགའ་ཚོར་གྱི་དོན་ལུ་ མོང་སྒར་དང་ ལྷུན་རྩེ་རྫོང་ཁག་ལས་ མི་སེར་ཚུ་གིས་ བཞེས་སྒོ་དང་ འཐུང་ནིའི་རིགས་ཚུ་འབག་སྟེ་ སྤྲོ་སྟོན་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *