གནས་སྐབས་ཚོང་ཁང་གི་ ས་ཁོངས་ནང་ ཕྱགས་སྙིགས་བཀང་མིའི་མཐོང་སྣང་།

མོང་སྒར་ཚེས་བཅུའི་སྐབས་ སྣུམ་འཁོར་ཌི་སི་ཨེམ་༧ དེ་ཅིག་ ཕྱགས་སྙིགས་བསྡུ་བསྒྱོམས་འབད་ཡོདཔ།

༉ མོང་སྒར་གྱི་ ལོ་བསྟར་ཚེས་བཅུ་ མཇུག་བསྡུ་བའི་ཤུལ་ལས་ འཆམ་རྐྱབ་སའི་ས་ཁོངས་དང་ རྫོང་གི་མཐའ་འཁོར་ དེ་ལས་ ཚོང་བཙོང་སའི་ས་ཁོངས་ཚུ་ནང་ ཕྱགས་སྙིགས་རག་རོ་ཚུ་གིས་ གང་ཡོད་པའི་ མཐོང་གསལ་བྱུངམ་ཨིན་པས།

འདི་བཟུམ་གྱི་ དཀའ་ངལ་སེལ་ཐབས་ལུ་ གཞུང་དང་ མི་སྡེ་ལས་ཚོགས་ གཞུང་མིན་ལས་ཚོགས་ ན་གཞོན་སློབ་ཕྲུག་ དེ་ལས་ ཁས་བླངས་པའི་སྡེ་ཚན་ཚུ་གིས་ ཕྱགས་སྙིགས་འཛིན་སྐྱོང་སྐོར་ལས་ ལས་རིམ་སྣ་ཚོགས་ འགོ་འདྲེན་འཐབ་སྟེ་ གོ་བ་བརྡ་སྤྲོད་འབད་རུང་ ཁེ་ཕན་བྱུང་དོ་བཟུམ་ མི་མཐོང་མས་ཟེར་ འབྲེལ་གནད་ཅན་གྱི་ མགྲིན་ཚབ་ཀྱིས་ བཤདཔ་ཨིན་པས།

ཁྲོམ་སྡེའི་འཐུས་མི་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ ཚེས་བཅུའི་སྐབས་ལུ་ རྫོང་ཁག་༢༠ ལས་འོང་མི་ ཚོང་པ་༡༧༠ དང་ བཟའ་ཁང་༢༣ ལྷགཔ་ཅིག་ལུ་ ཁྲོམ་འོག་ལུ་ཡོད་པའི་ རྩེད་ཐང་ནང་ གནས་སྐབས་ཀྱི་ ཚོང་ཁང་གཞི་བཙུགས་འབད་ནིའི་དོན་ལུ་ ས་གོ་ཚུ་སྤྲོད་ཡོདཔ་ད་ དེ་སྐབས་ ཕྱགས་སྙིགས་འཛིན་སྐྱོང་འབད་དགོ་པའི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་བའི་ཁར་ ཕྱགས་སྙིགས་བཞག་སའི་སྒྲོམ་ཚུ་ཡང་ བགོ་བཀྲམ་འབད་ཡི་ཟེར་ཨིན་པས།

ཨིན་རུང་ ཚེས་བཅུ་མཇུག་བསྡུ་བའི་བསྒང་ལས་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནི་ལུ་ སྣང་དག་ར་མ་སྐྱེད་པར་ རང་སོའི་ཚོང་ཆས་ཚུ་ འབག་འགྱོཝ་མས་་ཟེར་ཨིན་པས།

རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ ཀརྨ་ཊི་དབང་ཕྱུག་གིས་ སླབ་མིའི་ནང་ དུས་ཅི་ ཚེས་བཅུ་ཚོགས་པ་གིས་ རྩེདམོ་གི་རིགས་ཚུ་ རྩེད་མ་བཅུག་པར་ བཀག་ཆ་འབད་བཞག་མི་གིས་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།

ཧེ་མ་འབད་བ་ཅིན་ རྩེདམོ་རྩེ་སའི་ས་ཁོངས་ཚུ་ནང་ ཕྱགས་སྙིགས་ལེ་ཤ་ཐོན་དོ་ཡོད་མི་དེ་ དུས་ཅི་ མར་ཕབ་འབད་ཚུགས་ཅི་ཟེར་ཨིན་པས།

ཕུན་ཚོགས་གླིང་ལས་ འགོ་དང་པ་ གོ་ལའི་ཚོང་བཙོང་པར་འོང་མི་ ཤེས་རབ་རྡོ་རྗེ་གིས་ འབད་བ་ཅིན་ ཕྱགས་སྙིགས་བཀང་མི་དེ་ སྤྱིར་བཏང་ ཚོང་པ་ཚུ་མེན་པར་ ཚོང་ཉོ་བར་འོང་མི་ཚུ་ཨིནམ་ལས་ ཚོང་མགྲོན་པ་ཚུ་གིས་འབད་རུང་ མཉམ་འབྲེལ་འབད་དགོཔ་འདུག་ཟེར་ཨིན་པས།

ཐིམ་ཕུག་ལས་ ཚོང་བཙོང་པར་འོང་མི་ བཀྲིས་དབང་མོ་གིས་ མི་སྤུངས་འཛོམས་འབད་སར་ ཕྱགས་སྙིགས་བཀང་ནི་དེ་ རང་བཞིན་ཅིག་འབདཝ་ལས་ མོང་སྒར་ལུ་རྐྱངམ་གཅིག་མེན་པར་ རྫོང་ཁག་ག་ཏེ་ར་འབད་རུང་ ཅོག་ར་འཐད་པས་ཟེར་ཨིན་པས།

མི་སེར་གྱི་ཁ་ཐུག་ལས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ མི་སྤུངས་འཛོམས་འབད་སར་ ཕྱགས་སྙིགས་འཛིན་སྐྱོང་གི་ གོ་བ་བརྡ་སྤྲོད་འབད་ནི་མེན་པར་ ལྟ་རྟོག་འབད་མི་ཚུ་ བཙུགས་ཞིནམ་ལས་ ཉེས་བྱ་དང་ ཉེས་ཆས་ཚུ་ བཀལ་བ་ཅིན་ བཀག་ཐབས་འབད་ཚུགས་ཟེར་ཨིན་པས།

ཁྲོམ་སྡེའི་འཐུས་མི་ རྣམ་རྒྱལ་རྡོ་རྗེ་གིས་ ཚོང་པ་༡༦༧ དེ་ཅིག་ལུ་ ས་གོ་ལག་ལེན་གྱི་ཁྲལ་ དངུལ་ ཀྲམ་༤,༥༠༠ རེ་ བསྡུ་ལེན་འབད་མི་དེ་ དངུལ་ཀྲམ་༥༠༠ རེ་ ཕྱགས་སྙིགས་འཛིན་སྐྱོང་གི་དོན་ལུ་ ཨིན་ཟེར་ཨིན་པས།

སྒེར་སྡེའི་ཕྱགས་སྙིགས་འཛིན་སྐྱོང་འཐབ་མི་ ཚུལ་ཁྲིམས་རྡོ་རྗེ་གིས་ སླབ་མིའི་ནང་ ཞབས་ཏོག་སྦེ་ ལས་མི་༦ བཙུགས་ཏེ་ ཉིནམ་༣ གྱི་རིང་ ཕྱགས་སྙིགས་བསྡུ་བསྒྱོམས་འབད་ཡི་ཟེར་ཨིན་པས།

ཁོ་གིས་ ཆུ་ཤོག་དང་ གྱིབ་ཤོག་ཚུ་ བསྡུ་བསྒྱོམས་འབད་ཞིནམ་ལས་ ཚོང་འབྲེལ་གྱི་དོན་ལུ་ ལག་ལེན་འཐབ་ཡོདཔ་ད་ རུལ་བཏུབ་མི་དང་ ལོག་ལག་ལེན་འཐབ་མ་བཏུབ་མིའི་ ཕྱགས་སྙིགས་ཚུ་ ཕྱགས་སྙིགས་བླུགས་སའི་ས་ ཁོངས་ནང་ སྐྱེལ་དོ་ཟེར་ཨིན་པས།

ད་ལྟོ་ཚུན་ སྣུམ་འཁོར་ཌི་སི་ཨེམ་༧ དེ་ཅིག་གི་ ཕྱགས་སྙིགས་ཚུ་ སྐྱེལ་འདྲེན་འབད་ཡོད་རུང་ ལྷག་ལུས་ཡོད་མི་ཚུ་ འཕྲོ་མཐུད་དེ་ར་ བསྡུ་བསྒྱོམས་འབད་དོ་ཟེར་ཨིན་པས།

རྫོང་ཁག་བདག་སྐྱོང་གི་ཁ་ཐུག་ལས་ ཕྱགས་སྙིགས་བསྡུ་བསྒྱོམས་འབད་ནིའི་དོན་ལུ་ འཐུས་བཟུམ་ཅིག་སྦེ་ དངུལ་ཀྲམ་༢༥,༠༠༠ བྱིན་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *