༉ མོང་སྒར་ཁྲོམ་གྱི་ལྟག་ལུ་ ཀི་ལོ་མི་ཊར་༤ དེ་ཅིག་ས་གནས་ཁར་ཡོད་པའི་ བཀའ་གདམས་དགོན་པ་ལུ་ ལོ་བསྟར་གྱི་ ཚེས་བཅུའི་སྐབས་ འབྲོང་འཆམ་ཟེར་མི་ སྐུ་འཆམ་མ་འདྲཝ་སྦེ་ གནང་སྲོལ་ཡོད་མི་དེ་ ཁ་ཙ་ མི་མང་ལུ་ མཇལ་ཁ་གནང་ཡི།
འབྲོང་འཆམ་ཟེར་མི་འདི་ གཏེར་སྟོན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གི་ དགོངས་གཏེར་ལས་འཁྲུངས་པའི་ སྐུ་འཆམ་ཅིག་ཨིནམ་ད་ སྐུ་འཆམ་ཚུ་ཡང་ བྱ་ཁྱུང་གི་ཞལ་འབགཔ་༤ དང་ གླང་མགོའི་ཞལ་འབགཔ་༤ སྦེ་ བསྡོམས་ཞལ་གྲངས་༨ ཀྱིས་ གནང་དོ་ཡོད་པའི་ཁར་ ཕྱག་གཡོན་ལུ་ རྡོ་རྗེ་དང་ གཡས་ལུ་ ཕུར་པ་བསྣམས་ཏེ་ གནངམ་ཨིན་པས།
ཡོངས་གྲགས་ལུ་ བཀའ་གདམས་རིན་པོ་ཆེ་ཟེར་ ཞིང་ཕེབས་ བླམ་ཀརྨ་དབང་འདུས་མཆོག་གིས་ ཐུགས་ཀྱི་དགོངས་གཏེར་དང་ གཏེར་སའི་ ཆོས་ལུགས་འཛིན་སྐྱོང་སྤེལ་གནང་མི་ཚུ་གི་ སྐྱབས་དང་དགོན་སྦེ་ ཆོས་སྐྱོང་སྲུང་མ་ཚུ་དང་ ལྷག་པར་དུ་ བདུད་འཇོམས་རིན་པོ་ཆེའི་ ཐུགས་ཀྱི་སྲུང་མ་ཨིནམ་ལས་ ཆོས་ལུགས་རྗེས་སུ་འཛིན་མི་དང་ བླ་མའི་བཀྲིན་བཏང་རག་ལུ་ འབྲོང་འཆམ་དེ་ བཀའ་གདམས་དགོན་པ་ལུ་ གནང་ནིའི་སྲོལ་བྱུང་ནུག

རྔ་ཡབ་འོད་གསལ་ཆོས་གླིང་དགོན་སྡེའི་དྲུང་ཆེན་ བསྟན་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༤ ལུ་ བླམ་ཞིང་ཕེབས་ཀརྨ་དབང་འདུས་ཀྱིས་ དགོན་པ་ལུ་ འགོ་ཐོག་ཚེས་བཅུའི་གར་འཆམ་ གཞི་བཙུགས་གནང་པའི་སྐབས་ བདུད་འཇོམས་རིན་པོ་ཆེའི་སྐུ་འཆམ་ཚུ་ མཇལ་ཁ་གནང་ཡི་ཟེར་ཨིན་པས།
དེ་ཡང་ གསང་བ་སྔགས་ཀྱི་ཆོས་ལུགས་འཛིན་མི་དང་ གཏེར་སའི་ཆོས་ལུགས་ལུ་ གཙོ་བོར་བཟུང་སྟེ་ ཆོས་སྒྲུབ་མི་གང་ཟག་ཚུ་ལུ་ སྐྱབས་དང་དགོན་སྦེ་ མཛད་གནང་མི་དེ་ ཆོས་སྲུང་ཚུ་ཨིནམ་ལས་ སྲུང་མ་ཚུ་ལུ་བརྟེན་ཏེ་ ཆོས་མཐར་ཕྱིན་བསྒྲུབ་ཚུགས་ནི་དང་ འབྱུང་པོ་གདོན་བགེགས་ཚུ་ ཞི་བར་གནས་ཚུགས་པའི་ ཕན་ཡོན་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ བྱིན་འབེབས་སྐུ་འཆམ་ཟེར་ གདོན་བགེགས་འབྱུང་པོ་ཚུ་ རྒྱ་མཚོའི་མཐའ་ལུ་ ཡུལ་བསྐྲད་དེ་ ལོག་འོང་མ་ཚུགསཔ་སྦེ་ མཚམས་བཅད་བཞག་སའི་ ས་གཞི་ཚུ་ རྡོ་རྗེ་རྩེ་གསུམ་གྱི་ དཀྱིལ་འཁོར་ལུ་ བྱིན་གྱིས་རླབས་ནིའི་དོན་ལུ་ འོག་མིན་རྔ་ཡབ་ཟངས་མདོག་དཔལ་རི་ པདྨ་འོད་ཀྱི་ཕོ་བྲང་ལས་ འཁོར་རིག་འཛིན་ཌཱ་ཀི་ མཁའ་འགྲོ་མ་ཚུ་ བྱོན་ཞིནམ་ལས་ བདེ་བའི་གར་དང་ སྐྱིད་པའི་བྲོ་གི་ཐོག་ལུ་ བྱིན་གྱིས་བརླབས་གནང་པའི་སྐུ་འཆམ་ཚུ་ མཇལ་ཁ་གནངམ་ཨིན་པས།
དེ་གི་ཤུལ་ལས་ ལིང་ཁྱེར་ཟེར་ དུར་བདག་༢ ཀྱིས་ མིའི་གཟུགས་རྫུས་མ་བཟོ་མི་དེ་ འབག་སྟེ་ འཆམ་རྐྱབ་སའི་ སྦུག་ལུ་བཞག་ཞིནམ་ལས་ ཤཝ་གཅིག་ཐོན་ཏེ་ ཤཝ་དེ་གིས་ གཏོརམ་དེ་ ཕྱག་ཤེལ་འོ་མའི་རལ་གྲི་གིས་ བཏུབ་ཞིནམ་ལས་ ཕྱོགས་བཞི་དང་ མཚམས་བཞི་ལུ་ བཏོར་མིའི་སྐུ་འཆམ་བྱིན་རླབས་ཅན་ཚུ་ མཇལ་ཁ་གནང་ཡི།
དེ་ཡང་ བསྟན་འཛིན་གྱི་ སྐྱེས་བུ་དམ་པ་ཚུ་ལུ་ ངོ་རྒོལ་འབད་མི་ དགྲ་བགེགས་དམ་སྲི་གདུག་པ་ཅན་ཚུ་ དུར་ཁྲོད་ལུ་ གནས་པའི་ དུར་ཁྲོད་བདག་མོ་ཚུ་གིས་ ཞག་པའི་ལྕགས་ཀྱུས་འཛིན་ཏེ་ གཟུགས་ཕུང་ལིངྒའི་ རྣམ་པ་ལུ་སྤྲུལ་བཞག་མི་དེ་ སངས་རྒྱས་ཀུན་གྱི་ཡེ་ཤེས་ འཁོར་ལོ་དཔལ་ཆེན་པོར་གྱིས་ རི་དྭགས་ཤ་བའི་རྣམ་པ་ལུ་ སྤྲུལ་ཏེ་ གནམ་ཤེས་ཆོས་ཀྱི་དབྱིངས་སུ་འཕངས་པའི་ བརྡ་མཚོན་སྟོནམ་ཨིན་པས།

དེ་བཟུམ་སྦེ་ ཉིནམ་དང་པའི་ནང་ བེེ་ཙརྱ་འཆམ་དང་ ས་འདུལ་གྲོ་ལོད་ མཚམས་གཅོད་ཁྲོ་བོ་བཅུ་ ཚོགས་གླིང་ དེ་ལས་ ཞྭ་ནག་གི་ སྐུ་འཆམ་ཚུ་མཇལ་ཁ་གནང་ཡི།
འཆམ་རྐྱབ་མི་ཚུ་ཡང་ དགོན་སྡེའི་མཚམས་པ་དང་ སྒོམ་ཆེན་བསྡོམས་ ཞལ་གྲངས་༧༠ གིས་ གནང་ཡོདཔ་ད་ མ་གཞི་ ལོ་བསྟར་གྱི་ཚེས་བཅུ་དེ་ རང་ཟླ་༨ པའི་ཚེས་༨ ལས་༡༠ ཚུན་ ཉིན་གྲངས་༣ གྱི་རིང་ གནང་སྲོལ་ཡོད་རུང་ དུས་ཅི་ རང་ཟླ་༩ པའི་ ཚེས་༡༣ ལས་༡༥ ཚུན་ ཕར་འཕུད་རྐྱབ་བཞག་ནུག།
ནངས་པར་ ཨ་ཙ་རའི་འཆམ་དང་ པད་གླིང་ས་སྐྱ་ དགྲ་མེད་རྩེ་རྔ་འཆམ་ དེ་ལས་ བར་དོའི་སྐུ་འཆམ་ཚུ་ མཇལ་ཁ་གནང་ནི་དང་ ཉིནམ་མཇུག་ལུ་ པད་གླིང་གཤིན་རྗེ་ཡབ་ཡུམ་དང་ བཀྲིན་ཅན་མ་ དཔའ་མོ་སྡེ་ལྔ་ སྨོན་ལམ་ གུ་རུ་མཚན་བརྒྱད་ གིང་བཞི་ དུར་བདག་ གིང་གསརཔ་ དེ་ལས་ སྨིན་གླིང་ཞྭ་ནག་གི་ སྐུ་འཆམ་ཚུ་ མཇལ་ཁ་གནང་ནི་དང་ དད་ཅན་མི་མང་ལུ་ མཐོང་གྲོལ་ཆེན་མོ་ མཇལ་ཁ་གནང་ཐོག་ལས་ འགྲོལ་གནང་ནི་ཨིན་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།