༉ ནོར་བུ་ཁག་འབགཔ་གིས་ མོང་སྒར་ལས་ སྒང་མགུ་ལ་ཚུན་ ཀི་ལོ་མི་ཊར་༡༢.༥༦ འབད་མི་ གཞུང་ལམ་རྒྱ་སྐྱེད་ལས་འགུལ་དེ་ དུས་ཐེབས་བྱིན་རུང་ རྩི་ནག་གཏང་ནི་མེད་མི་ལུ་བརྟེན་ ལུང་ཕྱོགས་ལམ་སེལ་ཡིག་ཚང་གིས་ ཁག་འབག་གི་ལཱ་དེ་ ཆ་མེད་བཏང་ནུག།
ཁག་འབགཔ་དེ་གིས་ ལོ་༢ དང་ཟླཝ་༧ ནང་འཁོད་ལུ་ གཞུང་ལམ་རྒྱ་སྐྱེད་ཀྱི་ ལཱ་ཡོངས་རྫོགས་སྦེ་ མཇུག་བསྡུ་དགོཔ་ཨིན་རུང་ ལམ་གཡས་གཡོན་ལས་ ཆུ་གཡུར་དང་ གྱང་རྩིག་བཟོ་སྐྲུན་འབད་མི་ཡང་ གྲུབ་འབྲས་བཏོན་མ་ཚུགས་པས།
དེ་འབདཝ་ལས་ གླིང་མི་ཐང་ལུང་ཕྱོགས་ལམ་སེལ་ཡིག་ཚང་གིས་ དུས་ཐེབས་ཟླཝ་༣ བྱིན་རུང་ རྩི་ནག་གཏང་ནི་ཕར་བཞག་ ཆུ་གཡུར་སེལ་ནི་དང་ གྱང་རྩིག་རྐྱབ་ནིའི་ ལཱ་ཚུ་ཡང་ མཇུག་བསྡུ་མ་ཚུགསཔ་ལས་ སྤྱི་ཟླ་༥ པའི་ཚེས་༣༠ ལུ་ ཚོགས་ཆུང་གིས་ ཁག་འབགཔ་དེ་ དགོངས་གྲོལ་བཏང་ནུག།
ཀི་ལོ་མི་ཊར་༡༢.༥༦ གཞུང་ལམ་རྒྱ་སྐྱེད་འབད་ནིའི་དོན་ལུ་ གཞུང་ལས་ མ་དངུལ་ས་ཡ་༡༢༦.༢༣༤ གི་ཐོག་ལས་ རིན་བསྡུར་འབདཝ་ད་ ནོར་བུ་ཁག་འབགཔ་ལས་སྡེ་གིས་ ཁག་འབག་གི་ ལཱ་ཐོབ་སྟེ་ ལས་འགུལ་འགོ་བཙུགས་ཡོདཔ་ད་ ལཱ་དེ་ཡང་ སྤྱི་ལོ་༢༠༡༥ ཟླ་༧ པའི་ཚེས་༢༣ ལས་ སྤྱི་ལོ་༢༠༡༨ ཟླ་༢ པའི་ཚེས་༡༡ ལུ་ མཇུག་བསྡུ་དགོཔ་ཨིན་པས།
ལུང་ཕྱོགས་ལམ་སེལ་ཡིག་ཚང་ལས་ བཟོ་རིག་གཙོ་འཛིན་ ཀརྨ་རིག་འཛིན་གྱིས་ སླབ་མིའི་ནང་ དུས་ཐེབས་བྱིན་རུང་ ཁག་ འབགཔ་གི་ཧོངས་ལས་ གྲུབ་འབྲས་ག་ནི་ཡང་ བཏོན་ནི་མེད་མི་ལུ་བརྟེན་ ཡིག་ཚང་དང་ ཁག་འབགཔ་གི་བར་ན་ གན་ཡིག་ བཟོ་མི་དང་འཁྲིལ་ ཚོགས་ཆུང་གིས་ གྲོས་ཐག་བཅད་དེ་ ཁག་འབག་གི་ ལཱ་ཆ་མེད་བཏང་ཡི་ཟེར་ཨིན་པས།
མ་གཞི་ ལམ་འཕྲོ་མཐུད་རྒྱ་སྐྱེད་འབད་ནི་དེ་ ཁག་འབགཔ་གི་ འགན་ཁུར་ཨིན་རུང་ སྒྲིག་གཞི་དང་ ལམ་ལུགས་དང་ཁྲིལ་བ་ཅིན་ ལོག་རིན་བསྡུར་འབད་དགོཔ་བཞིན་དུ་ ད་ལྟོ་ལཱ་ཚུ་ ཡིག་ཚང་གིས་ འབད་བའི་བསྒང་ཡོད་ཟེར་ བཟོ་རིག་གཙོ་འཛིན་གྱིས་ བཤདཔ་ཨིན་པས།
ལམ་སེལ་ཡིག་ཚང་ལས་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ མ་དངུལ་དེ་གི་ཐོག་ལས་ དུས་ཚོད་དང་བསྟུན་ ལཱ་གི་གྲུབ་འབྲས་ག་དེམ་ཅིག་ བཏོན་ཡོདཔ་ཨིན་ན་དང་ ལྷག་ལུས་ལཱ་འབད་དགོཔ་ ག་དེ་ཅིག་ ལུས་ཡོདཔ་ཨིན་ན་ ཁག་དབྱེ་ཞིནམ་ལས་ ལཱ་གི་གྲུབ་འབྲས་དང་འཁྲིལ་ ཏི་རུ་སྤྲོད་ནི་དང་ དུས་ཐེབས་བྱིན་རུང་ ལཱ་མཇུག་མ་བསྡུ་བར་ཡོད་མི་དེ་ལུ་ ཉེས་ཆད་སྦེ་ དངུལ་འབོར་ཡོངས་བསྡོམས་ལས་ བརྒྱ་ཆ་༡༠ རེ་ བཏོག་བཞག་འོང་ཟེར་ཨིན་པས།
ཁག་འབགཔ་གཞན་ཚུ་གིས་ ལམ་རྒྱ་སྐྱེད་འབད་ནི་ འགོ་མ་བཙུགསཔ་ལས་ར་ ནོར་བུ་ཁག་འབགཔ་གིས་ སེལ་ཡོདཔ་ལས་ དུས་ཚོད་དེམ་ཅིག་ཁར་ ལཱ་གི་འགྲུབ་འབྲས་ཐོན་དགོཔ་ཨིན་རུང་ ད་རེས་ ལུང་ཕྱོགས་ཡིག་ཚང་གིས་ དང་ལེན་འབད་དེ་ ཁག་འབག་གི་ལཱ་ ཆ་མེད་བཏང་མི་དེ་ ལེགས་ཤོམ་སོང་ནུག་ཟེར་ མི་ཚུ་གིས་ བཤདཔ་ཨིན་པས།
ད་རེས་ནངས་པར་ སྐྱིད་བདེ་མཁར་དང་ མོང་སྒར་ཁྲོམ་གྱི་བར་ན་ ཀི་ལོ་མི་ཊར་༥ འབད་མི་ གཞུང་ལམ་རྒྱ་སྐྱེད་དེ་ གོང་འཕེལ་ཁག་འབགཔ་ལས་སྡེ་གིས་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ད་ བཟོ་སྐྲུན་གྱི་ ཞག་དུས་དེ་ སྤྱི་ལོ་༢༠༡༥ ཟླ་༩ པའི་ཚེས་༡ ལས་ སྤྱི་ལོ་༢༠༡༨ ཟླ་༣ པའི་ཚེས་༢༣ ཚུན་ཨིན་རུང་ དུས་ཚོད་ཐེབས་ ཟླཝ་༣ བྱིན་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༥ ཟླ་༧ པ་ལས་ འགོ་བཙུགས་མི་ གཞུང་ལམ་རྒྱ་སྐྱེད་ཀྱི་ ལས་འགུལ་དེ་ སྤྱི་ལོ་༢༠༡༨ ཟླ་༣ པའི་ནང་འཁོད་ལུ་ རྩི་ནག་བཏང་སྟེ་ ལཱ་མཇུག་བསྡུ་དགོཔ་ཨིནམ་ད་ རྒྱ་སྐྱེད་ཀྱི་ ལཱ་དེ་ཡང་ ཡ་ལྡི་ཁྲོམ་ལས་ གླིང་མི་ཐང་ཚུན་ ཀི་ལོ་མི་ཊཪ་༦༦.༤༥ འབད་མི་དེ་ ཁག་འབགཔ་༧ ལུ་ སྤྲོད་ཡོདཔ་ཨིན་པས།
ཁག་འབགཔ་༧ གྱི་གྲས་ལས་ དུས་ཚོད་ཁར་ རྩི་ནག་བཏང་ཚར་མི་དེ་ སྒང་མགུ་ལ་ལས་ ཀུར་རི་ཟམ་པ་ཚུན་ ཀི་ལོ་མི་ཊར་༡༢ འབད་མི་དེ་ རིག་གསར་ཁགཔ་རྐྱངམ་གཅིག་ཨིནམ་ད་ གཞུང་ལམ་ཀི་ལོ་མི་ཊར་༦༦ ལྷགཔ་ཅིག་ བསལ་ནིའི་དོན་ལུ་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༨༦༢.༤༡༩ གནས་ཡོད་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།