མོང་སྒར་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ།

མོང་སྒར་གྱི་ རྒྱལ་ཡོངས་ཚོགས་སྡེའི་སྐུལ་བསྒྲགས་ ནངས་པར་ མཇུག་བསྡུ་ནི།

༉ མོང་སྒར་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ རྒེད་འོག་ཚུ་ལས་ གདམ་འཐུ་འབད་མི་ འདེམས་ངོ་༡༣ གྱིས་ རྒེད་འོག་ཚུ་ནང་ ཁས་བླངས་སྐུལ་བསྒྲགས་འབད་མི་དེ་ ནངས་པར་ རྩ་མང་རྒེད་འོག་ སྒང་ལ་སྤོང་སྤྱི་འོག་ལས་ མཇུག་བསྡུ་ནི་ཨིན་པས།

སྤྱི་ཟླ་༣ པའི་ཚེས་༥ ལས་འགོ་བཙུགས་མི་ རྒེད་འོག་སྤྱིར་སྙོམས་འཛོམས་འདུ་དེ་ ད་རིས་ཚུན་ འགོ་འདྲེན་འཐབ་པའི་སྐབས་ རྒེད་འོག་༡༧ གྱི་ ས་གནས་ཐདམ་ཐད་ཁར་ འགོ་འདྲེན་འཐབ་མི་ཚུ་བརྩིས་ཏེ་སྤྱིར་བཏང་ འཛོམས་འདུ་ཁག་༣༠ འཚོགས་ཡོདཔ་ཨིན་པས།

སྤྱི་ཟླ་༤ པའི་ཚེས་༡༤ ལུ་ ཙ་ཀ་གླིང་རྒེད་འོག་ སྟག་ཁམས་སྦིས་སྤྱི་འོག་ནང་སྦེ་ སྤྱིར་སྙོམས་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ མི་༥༠ དེ་ཅིག་ འཛོམས་མི་ཚུ་དང་གཅིག་ཁར་བཙག་འཐུ་ལྷན་ཚོགས་ཀྱི་ འགོ་ཁྲིདཔ་དང་ ངོས་ལེན་འགོ་དཔོན་ཚུ་གིས་ ངོ་སྤྲོད་འབད་ཞིནམ་ལས་ རང་སོའི་ཁས་བླངས་དང་ དམིགས་གཏད་སྐོར་ གསལ་བཤད་འབད་ཡི།

སྐུལ་བསྒྲགས་ཀྱི་སྐབས་ འདེམས་ངོ་མང་ཤོས་ཅིག་གིས་ རྒྱལ་ཁབ་མ་ཚད་ རྫོང་ཁག་ནང་ཡང་ ན་གཞོན་ལཱ་གཡོག་འཐོབ་མ་ཚུགས་པའི་ དཀའ་ངལ་ཡོད་མི་དེ་ བསལ་ནིའི་དོན་ལུ་ སྲིད་བྱུས་དང་ བཅའ་ཁྲིམས་ཚུ་ བསྐྱར་ཞིབ་འབད་ཞིནམ་ལས་ ན་གཞོན་ཚུ་ལུ་ ལཱ་གཡོག་བྱིན་ནིའི་ ལམ་ལུགས་སྒྲིང་སྒྲི་བཟོ་ནི་ལུ་ གཙོ་བོར་བཏོན་ནི་ཟེར་ཨིན་པས།

ལྷག་པར་དུ་ རྡོ་རྗེ་ལུང་ལུ་ བཟོ་སྐྲུན་འབད་ནི་ཨིན་མི་ གློག་མེ་འཕྲུལ་ཁང་སྦོམ་ཅིག་ཡང་ འཆར་གཞི་༡༢ པའི་ནང་ འཐོབ་ཚུགས་པའི་སྲིད་བྱུས་ཚུ་ འབྲེལ་ཡོད་དབང་འཛིན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ འཐུས་མི་ཚུ་དང་གྲོས་བསྟུན་འབད་དེ་ བཟོ་ནི་ཨིན་ཟེར་ཨིན་པས།

དེ་བཟུམ་སྦེ་ འདེམས་ངོ་ཚུ་གིས་ གལ་སྲིད་ བཙག་འཐུ་འབད་བ་ཅིན་ མི་སྡེ་གོང་འཕེལ་འདྲ་མཉམ་གཏང་ནི་ལུ་ གཙོ་བོར་བཟུང་ནི་ཨིན་ཟེར་ སླབ་མི་དེ་ཡང་ རྫོང་ཁག་དང་ རྒེད་འོག་ཚུ་ནང་ འཆར་གཞིའི་མ་དངུལ་ཚུ་ འདྲན་འདྲ་གནང་རུང་ རྒེད་འོག་ལ་ལོ་ཅིག་ དབུལ་ཕོངས་ནང་ལུས་ཡོདཔ་ལས་ དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཐབས་འབད་ནི་ཨིན་ཟེར་ཨིན་པས།

གདམ་ངོ་མང་ཤོས་ཅིག་གིས་ གཞུང་དང་མི་སེར་གྱི་བར་ན་ ཟམ་བཟུམ་ཅིག་སྦེ་ ཕྱག་ཞུ་ནི་དང་ རྒྱལ་ཡོངས་ ཚོགས་སྡེ་དེ་ ཁྲིམས་བཟོ་དང་ བསྐྱར་ཞིབ་ཚོགས་ཁང་ཅིག་འབདཝ་ལས་ བཅའ་ཁྲིམས་དང་ སྒྲིག་གཞི་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ཨིན་ཟེར་ཨིན་པས།

འདེམས་ངོ་ཚུ་གི་གྲས་ལས་ སྐྱེངས་མཁར་རྒེད་འོག་ལས་ ཡེ་ཤེས་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ ཁོ་ར་ ཁྲིམས་ཀྱི་ཤེས་ཡོདཔ་ལས་ མི་སེར་དང་གྲོས་བསྟུན་འབད་དེ་ བཅའ་ཁྲིམས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་ཐོག་ རྒྱལ་ཁབ་ལུ་ཕན་ཐོགས་པའི་ ཁྲིམས་བཟོ་ནི་ལུ་ ཕྱག་ཞུ་ནི་ཟེར་ཨིན་པས།

སི་ལམ་སྦིས་རྒེད་འོག་ལས་ པདྨ་རྡོ་རྗེ་གིས་ སླབ་མིའི་ནང་ ལཱ་དང་བྱ་བ་ག་ཅི་ར་འབད་རུང་ ཉམས་མྱོང་དེ་ ཁག་ཆེཝ་ལས་ ཉམས་མྱོང་ཡོད་པའི་ མི་དང་གྲོས་བསྟུན་འབད་ཐོག་ལས་ ཞབས་ཏོག་ཞུ་ནི་ཟེར་ཨིན་པས།

ཙ་ཀ་གླིང་རྒེད་འོག་ལས་ འཇམ་དབྱངས་བློ་གྲོས་ཀྱིས་ ཁྲིམས་ཀྱི་ཤེས་ཚད་ཡོདཔ་ལས་ ཞི་རྩོད་དང་ཉེས་རྩོད་ཀྱི་ཁྲིམས་ཚུ་ བསྐྱར་ཞིབ་འབད་ཐོག་ལས་ ནང་གན་བཟོ་མི་ཚུ་ཡང་ ཉེས་རྩོད་ཀྱི་ ཁྲིམས་ལུགས་ལུ་གནས་ཚུགས་པའི་ ཁྲིམས་བཟོ་ནི་ཨིན་ཟེར་ཨིན་པས།

ན་རང་རྒེད་འོག་ལས་ ཚེ་རིང་དབང་ཆེན་གྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༣ ལུ་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་དེ་གིས་ བློ་སྟོབས་ཐོབ་ཡོདཔ་ལས་ ལོག་བཅའ་མར་གཏོགས་དོ་ཟེར་ཨིནམ་ད་ མིའི་རྒྱུད་ལུ་ བསམ་པ་སེམས་བསྐྱེད་ལེགས་ཤོམ་ཡོད་མི་དེ་ གདམ་ཁ་རྐྱབ་དགོཔ་ གལ་ཆེ་ཟེར་ཨིན་པས།

ལྕགས་སི་མཁར་རྒེད་འོག་ལས་ གནས་བརྟན་གྱིས་ སླབ་མི་དང་འཁྲིལ་བ་ཅིན་ མི་ཚུ་གིས་ གཡོ་སྒྱུའི་ཐོག་ལས་ ཆང་བི་ཡར་དང་ ཏི་རུ་༥༠ གི་ བའུ་ཅར་ཐོབ་པས་ཟེར་མནོ་སྟེ་ ཚོགས་རྒྱན་བཙུགས་ནི་མེན་པར་ རྒྱལ་ཁབ་ དང་མི་སེར་ལུ་ དམ་ཚིག་གཙང་མའི་ཐོག་ལས་ ཕྱག་ཞུ་ཚུགས་མི་ མི་ངོམ་ལུ་ ཚོགས་རྒྱན་བཙུགས་དགོ་ཟེར་ཨིན་པས།

སྔ་ཚང་རྒེད་འོག་ལས་ བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༣ ལུ་ མི་སེར་ཚུ་གིས་ འདེམས་ངོ་སྦེ་ བཏོན་མི་གིས་ ལོ་༥ འི་རིང་ རྒྱལ་བློན་འབངས་༣ ལུ་ དམ་ཚིག་གཙང་མིའི་ཐོག་ ཕྱག་ཞུ་བའི་ ཉམས་མྱོང་ཡོདཔ་ལས་ ཉམས་མྱོང་དང་ལྡན་པའི་མི་ངོམ་དེ་ ལོག་འདེམས་ངོ་སྦེ་ བཏོན་གནང་པ་ཅིན་ ཉམས་ མྱོང་འཐོབ་ནི་ལུ་ སྒུག་མ་དགོ་པར་ དེ་འཕྲོ་ལས་ ཁྲིམས་དང་ འཆར་གཞི་ ཡིག་ཚང་གི་ལཱ་ཚུ་ འབད་ཚུགས་ ཟེར་ཨིན་པས།

ཤེར་མུ་ཧཱུཾ་རྒེད་འོག་ལས་ འཆི་མེད་རྡོ་རྗེ་གིས་ གཞུང་དང་མི་སེར་གྱི་བར་ན་ ཟམ་བཟུམ་སྦེ་ཕྱག་ནི་ དང་ ན་གཞོན་ལཱ་གཡོག་མེད་པའི་དཀའ་ངལ་བསལ་ཐབས་ཀྱི་ ཁྲིམས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་དེ་ ཕན་ཐོགས་ཚུགསཔ་བཟོ་ནི་ཨིན་ཟེར་ཨིན་པས།

མོང་སྒར་རྒེད་འོག་ལས་ རིན་ཆེན་རྡོ་རྗེ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ཕྱི་རྒྱལ་ཁབ་ཚུ་ལས་ བུ་ལོན་ལེན་ པའི་ ཚ་གྱང་ཡོད་ལུགས་ཚུ་ སླབ་ནི་ཡོད་རུང་ བུ་ལོན་ལེན་མི་མ་དངུལ་དེ་ སྤྱོད་མི་ཚུ་གིས་ ལག་ལེན་ ག་དེ་སྦེ་ འཐབ་མ་འཐབ་དང་ ངན་ལྷད་དང་འབྲེལ་བའི་དཀའ་ངལ་ དེ་ལས་ ཁེ་ཕན་ཡོད་མེད་ཀྱི་སྐོར་ལས་ ཁ་གསལ་སྦེ་ མེད་ནི་དེ་གིས་ ཁྲིམས་དང་སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ཨིན་ཟེར་ཨིན་པས།

དགྲ་མེད་རྩེ་རྒེད་འོག་ལས་ ཨྱོན་ཚེ་རིང་གིས་ སོ་ནམ་གོང་འཕེལ་གཏང་ནི་དང་ ན་གཞོན་ལཱ་གཡོག་མེད་པའི་དཀའ་ངལ་ དེ་ལས་ མི་སྟོབས་མ་ལང་པའི་དཀའ་ངལ་སེལ་ནིའི་དོན་ལུ་ ཁྲིམས་དང་སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ཨིན་ཟེར་ཨིན་པས།

རྩ་མང་རྒེད་འོག་ལས་ བསོད་ནམས་དཔལ་འཛོམས་ཀྱིས་ སླབ་མིའི་ནང་ འདེམས་ངོ་ཕོ་སྐྱེས་༡༢ ཐོན་མིའི་ནང་ ཨམ་སྲུ་མོ་ར་རྐྱངམ་གཅིག་ཨིན་པའི་ཁར་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ཡང་ དཔེ་སྟོན་དང་འདྲཝ་སྦེ་ མོ་གིས་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ ཐོན་ཡི་ཟེར་ཨིནམ་ད་ དུས་དང་བསྟུན་ འགྱུར་བ་འགྱོ་དོ་ཡོདཔ་ལས་ རྒྱལ་ཡོངས་ཚོགས་སྡེ་ནང་ ཁྲིམས་དང་ སྲིད་བྱུས་བསྐྱར་ཞིབ་དང་ གསརཔ་བརྩམ་ནིའི་དོན་ལུ་ ཨམ་སྲུ་དགོཔ་ གལ་ཆེཝ་ལས་ རྒྱབ་སྐྱོར་མཛད་གནང་ཟེར་ཨིན་པས།

ས་གླིང་རྒེད་འོག་ལས་ གནས་ཆུ་གིས་ སླབ་མིའི་ནང་ སྤྱི་ཚོགས་དང་པའི་ནང་ མི་སེར་ཚུ་གི་ རྒྱབ་སྐྱོར་ ལས་ སྤྱི་ལོ་༢༠༠༨ ལས་༢༠༡༣ ཚུན་ ལོ་༥ འི་རིང་ རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ བཏོན་གནང་མི་ལུ་བརྟེན་་ ཉམས་མྱོང་དང་ རིག་པ་ཐོབ་ནི་དེ་གིས་ སྒེར་སྡེ་གོང་འཕེལ་གཏང་ཐབས་ལུ་ བཟོ་གྲྭ་ཁང་ཆུང་བ་ཚུ་ མི་སྡེ་ཚུ་ནང་ བཙུགས་ནིའི་དོན་ལུ་ སྲིད་བྱུས་བསྐྱར་ཞིབ་འབད་ནི་དང་ ཁྲིམས་ཚུ་ ལེགས་བཅོས་དང་འཕྲི་སྣོན་ གསརཔ་བཟོ་ནི་ལུ་ རྩ་འགེངས་ནི་ཨིན་ཟེར་ཨིན་པས།

བཱ་ལམ་རྒེད་འོག་ལས་ ཚེ་རིང་ཕུན་ཚོགས་ཀྱིས་ ཁོ་ར་ རང་ལུགས་ཀྱི་ལམ་སྲོལ་ལུ་ གཙོ་བོར་བཏོན་སྡོད་མི་ཅིག་ཨིནམ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དང་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ལྟར་ གཡུས་སྒོའི་ལམ་སྲོལ་ཚུ་ མི་ཉམས་གོང་འཕེལ་གཏང་ནིའི་དོན་ལུ་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ཟེར་ཨིན་པས།

ཐང་རོང་རྒེད་འོག་ལས་ ཨྱོན་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མི་སྡེ་དཔལ་འབྱོར་གོང་འཕེལ་འདྲ་མཉམ་ གཏང་ནིའི་དོན་ལུ་ བརྩོན་ཤུགས་བསྐྱེད་དེ་ ཕྱག་ཞུ་ནི་དང་ གཡུས་སྒོ་ཚུ་ལས་ཕར་སྡོད་མི་ རྒན་རྒས་དང་ ཕམ་མེད་པའི་བུཚ་ཚུ་གིས་ གཞི་རྟེན་ཐོབ་དབང་ འདྲན་འདྲ་འཐོབ་ཚུགས་ནིའི་དོན་ལུ་ རྒྱབ་སྐྱོར་འབད་ནི་ཨིན་ཟེར་ཨིན་པས།

མོང་སྒར་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་གི་དོན་ལུ་ དོ་འགྲན་འབད་མི་ རྒེད་འོག་༡༧ ལས་ འཐུས་མི་༡༧ ཐོན་ཡོདཔ་ད་ དེ་ཡང་ ལྕགས་སི་མཁར་ལས་ འཐུས་མི་༢ དང་ སྔ་ཚང་རྒེད་འོག་ལས་ འཐུས་མི་༢ དེ་ལས་ ཤེར་མུ་ཧཱུཾ་ལས་ འཐུས་མི་༣ ཐོན་མི་དང་བསྟུན་ཨིན་པས།

རྫོང་ཁག་ནང་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་བཙུགས་ཆོག་མི་བསྡོམས་༣༤,༠༨༢ ཡོད་མི་ལས་ ཕོ་སྐྱེས་ ༡༦,༣༧༣ དང་ ཨམ་སྲུ་༡༧,༧༠༩ ཡོདཔ་བཞིན་དུ་ ཚོགས་རྒྱན་བཙུགས་སའི་ ལྷན་ཐབས་ས་ཁོངས་༣ ཡོདཔ་ ད་ དེ་ཡང་ མོང་སྒར་ཁྲོམ་དང་ ཡ་ལྡི་ཁྲོམ་ དེ་ལས་ རྒྱལ་པོའི་ཞིང་ཁྲོམ་ཚུ་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *