༉ མོང་སྒར་སྐྱེངས་མཁར་རྒེད་འོག་ ཤ་རྒྱུད་ལ་གཡུས་ཚན་ནང་ ཆར་ཆུ་དེ་ གསེར་བཟུམ་སྦེ་ར་ བརྩི་མཐོང་བསྐྱེདཔ་ཨིན་པས།
དེ་ཡང་ ཆརཔ་རྐྱབ་པའི་སྐབས་ མི་སེར་ཚུ་གིས གནམ་ཁ་ལས་ བདུད་རྩི་འབབ་ཨིན་ཟེར་ དཀོན་མཆོག་གསུམ་ལུ་མཆོདཔ་ཕུལ་ བསངས་བཏང་སྟེ་ གསོལ་བ་བཏབ་ཨིན་པས།
གཡུས་ཚན་དེ་ནང་ འཐུང་ཆུའི་དཀའ་ངལ་ཡོདཔ་ལས་ གྲོང་གསེབ་མི་སེར་ཚུ་ ཆརཔ་ལུ་བརྟེན་ མི་ཚེ་སྐྱོང་དོ་ཡོདཔ་ད་ སྐྱེས་ལོ་༢༤ ལང་མི་ རྡོ་རྗེ་དབང་མོ་དེ་ གནམ་སྤུབས་ས་མཐོངམ་ཅིག་ དགའ་འཛུམ་སྟོན་མི་དེ་ཡང་ ནུབ་མོ་དང་ ནངས་པ་དྲོ་པར་ ཆརཔ་རྐྱབ་ནི་གི་ འོས་འབབ་ཡོད་མི་ལུ་བརྟེན་ཏེ་ཨིན་པས།
དེ་ལས་ ནུབ་མོའི་ཆུ་ཚོད་༩ དེ་ཅིག་ཁར་ རྡོ་རྗེ་དབང་མོ་གིས་ གནམ་ཁ་ལས་ འབྲུག་ལྡིར་བའི་ སྐད་གོཝ་ཅིག་ ཁྱིམ་ནང་ལས་ ཕྱི་ཁར་ཐོན་ལྟཝ་མ་ཚད་ མ་ཎི་བགྱང་ཐོག་ལས་ ལོག་ཁྱིམ་ནང་ འཛུལ་བའི་ཤུལ་ལུ་ བསངས་དང་མཆོདཔ་ཕུལ་ སྨོན་ལམ་བཏབ་སྦེ་ ཆརཔ་རྐྱབ་ནི་ལུ་ བསྒུག་སྡོད་སར་ མཐོང་གསལ་བྱུངམ་ཨིན་པས།
མོ་གིས་ སླབ་མིའི་ནང་ ཆརཔ་ལུ་བརྟེན་ མི་ཚེ་སྐྱོང་དགོཔ་ལས་ དུས་ཡུན་སྐར་མ་༣༠ གི་རིང་ ཆརཔ་རྐྱབ་རུང་ ཆུ་བཟེད་བཞག་མི་དེ་གིས་ ཟླཝ་༡ དང་༢ དེ་ཅིག་ བཞེས་སྒོ་འབད་ནི་དང་ གོ་ལ་འཁྱུ་ནི་ སྒོ་ནོར་སེམས་ཅན་ལུ་ བྱིན་ནི་ལང་མས་ཟེར་ཨིན་པས།
གཡུས་ཚན་དེ་ནང་ ལོ་རེ་ནང་ ཆརཔ་ལན་ཐེངས་༣ དེ་རེ་ལས་བརྒལ་ རྐྱབ་ནི་མེད་རུང་ རྐྱབ་པའི་བསྒང་ལས་ ཉིནམ་༤ དང་༥ འི་རིང་ ཆད་ནི་མེད་པར་ རྐྱབ་དོ་ཡོདཔ་མ་ཚད་ རེ་ཚེ་སྐབས་ བདུན་ཕྲག་སྦེ་ རྐྱབ་པའི་སྐབས་ མི་ཚུ་གིས་ གོ་སྐབས་ལེན་ཏེ་ ཁྱིམ་ཟུར་ཁ་ལས་ ཆུ་འཛགས་མི་ཚུ་ བསག་བཞག་ནིའི་དོན་ལུ་ རྩི་ས་གིས་བཟོ་མི་ ཆུ་མཛོད་དང་ གྱིབ་ཀྱི་ཆུ་འཛོད་ དེ་ལས་ ཧོད་ཚུ་ནང་ བཟེད་བཞགཔ་ཨིན་པས།
དུས་ཅི་ ཆརཔ་ཤུགས་སྦེ་ ལན་ཐེངས་༣ རྐྱབ་མི་ལུ་བརྟེན་ རྡོ་རྗེ་དབང་མོ་དང་ མོ་གི་བཟའ་ཚང་ཚུ་ རང་ཟླ་༨ པ་ལས་༡༡ པ་ཚུན་ ལང་ནི་གི་ ཆུ་བཟེད་བཞག་ཡོདཔ་ལས་ འཐུང་ཆུའི་ཚ་གྱང་ལང་དགོཔ་ མེདཔ་ཨིན་པས།
ཤ་རྒྱུད་ལ་གཡུས་ཚན་དེ་ རི་གུ་ལུ་ ཆགས་ཡོདཔ་ལས་ ཆུ་རྐ་མེད་པའི་ཁར་ གཞན་ཁ་ལས་ ཆུ་དུང་ལག་ལེན་འཐབ་སྟེ་ འཐུང་ཆུ་ བཏོན་ནི་ལུ་ཡང་ དཀའ་ངལ་ཡོདཔ་ད་ ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ རེ་ཚེ་སྐབས་ ལོ་༡ ནང་ ཆརཔ་ཚར་གཅིག་ལས་བརྒལ་ རྐྱབ་ནི་མེདཔ་ལས་ ལོ་ཐོག་མ་ལེགས་པའི་ཁར་ མི་ཚུ་ ཉིན་མཚན་མེད་པར་ ཆུ་དབོག་པར་ འགྱོ་ནི་ཡོད་ཟེར་ཨིན་པས།
སྐྱེས་ལོ་༧༢ ལང་མི་ སངས་རྒྱས་ལྷ་མོ་གིས་ སླབ་མིའི་ནང་ དང་ཕུ་འབད་བ་ཅིན་ ད་རེས་ནངས་པར་བཟུམ་སྦེ་ ཆུ་བཟེད་བཞག་ནིའི་མཐུན་རྐྱེན་མེདཔ་ལས་ ཉིནམ་༡ ནང་ ཆུ་རྐ་ལས་ ཚར་༡ ལས་བརྒལ་ ཆུ་དབོགས་མ་ཚུགས་མི་དེ་ཡང་ ཕྱི་རུ་འབད་བའི་བསྒང་ལས་ ཆུ་རྫོགས་ཏེ་ དེ་གི་ནངས་པར་དྲོ་པར་ ཆུ་དབོག་པར་ འགྱོ་དགོཔ་ལས་ མི་ཚེ་གཅིག་ དེ་སྦེ་ར་ རྫོགས་སོ་ཡི་ཟེར་ཨིན་པས།
སྐྱེས་ལོ་༥༤ ལང་མི་ ཤེས་རབ་བཟང་མོ་གིས་ གཡུས་ཚན་དེ་ནང་ འཐུང་ཆུ་དང་ དབུལ་ཕོངས་ཀྱི་ དཀའ་ངལ་སྦོམ་སྦེ་ར་ཡོད་ཟེར་བཤདཔ་ཨིན་པས།
ཨིན་རུང་ གཞུང་གིས་ ཆུ་བསག་བཞག་ནིའི་ གྱིབ་ཀྱི་ཧོད་དང་ ཆུ་མཛོད་རྐྱབ་ནིའི་དོན་ལུ་ རྩི་ས་དང་ གཞི་རྟེན་མཁོ་ཆས་ཚུ་ བགོ་བཀྲམ་འབད་དེ་ཡོདཔ་མ་ཚད་ ཞིང་ལམ་ལྷོད་མི་ལུ་བརྟེན་ ཧེ་མ་བཟུམ་སྦེ་ ལམ་ཐག་རིང་སར་ ཆུ་དབོག་པ་ འགྱོ་མ་དགོ་པར་ སྣུམ་འཁོར་ནང་ སྐྱེལ་འདྲེན་འབད་དོ་ཡོདཔ་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ འཕྲལ་མགྱོགས་ར་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལུ་ སྲིད་ཚོགས་གཉིས་ཀྱིས་ སྐྱེངས་མཁར་དང་ འགྱུར་མེད་རྒེད་འོག་༢ ནང་ འཐུང་ཆུ་དང་ ཞིང་ཆུའི་་དཀའ་ངལ་སེལ་ནི་གི་ ཁས་བླངས་འབད་ཡོདཔ་ལས་ གཞུང་སྐྱོང་གསརཔ་ བཙག་འཐུ་འགྲུབ་ནི་ལུ་ བསྒུག་ཡོད་ཟེར་ཨིན་པའི་གནས་ཚུལ།
སྐྱེངས་མཁར་ལས་ བཀྲིས་ཕུན་ཚོགས།