༉ ཁ་ཙ་ མོང་སྒར་གྱི་ མི་སེར་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་འབྲུག་རྒྱལ་༤ པ་ དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་ལེགས་པར་ཞུ་ཡི།
དེ་ཡང་ མོང་སྒར་འབྲིང་རིམ་སློབ་གྲྭ་འོག་མའི་ སྤྱི་དོན་ཁང་ནང་སྦེ་ ཨ་ལོ་གཅེས་སྐྱོང་ལྟེ་བའི་ སློབ་སྟོན་པ་དང་ རྫོང་ཁག་༢༠ གི་ ཤེས་རིག་འགོ་དཔོན་ དེ་ལས་ རྫོང་ཁག་གི་ ཤེས་རིག་སྡེ་ཚན་དང་ སློབ་དཔོན་ཚུ་གིས་ མི་དབང་འབྲུག་༤ པ་མཆོག་ལུ་ ཞབས་བརྟན་དང་ དཀར་མེ་ཕུལ་ཞིནམ་ལས་ མངར་ཟས་ཀེག་བཏོགས་ཏེ་ བརྩི་སྲུང་ཞུ་ཡི།
བརྩི་སྲུང་དང་འབྲེལ་ མོང་སྒར་འབྲིང་རིམ་སློབ་གྲྭ་འོག་མའི་ནང་སྦེ་ ན་གཞོན་ལམ་སྟོན་ཟེར་ སློབ་ཕྲུག་ཨ་ལོ་ཚུ་གི་དོན་ལུ་ མངར་ཆུ་བཞག་སའི་ ཁང་མིག་ཅིག་ཡང་ འགོ་འབྱེད་འབད་ཡི།
དེ་བཟུམ་སྦེ་ སློབ་གྲྭ་ཁག་ཚུ་ནང་ རྩེད་རིགས་ཚུ་ འགོ་འདྲེན་འཐབ་སྟེ་ བརྩི་སྲུང་ཞུཝ་མ་ཚད་ སློབ་གྲྭ་ལ་ལུ་ཅིག་གིས་ མི་དབང་མཆོག་ སྐུ་ཚེ་ཞབས་པད་བརྟན་ནིའི་དོན་ལུ་ སྨོན་ལམ་བཏང་ཡོདཔ་མ་ཚད་ སྤྲོ་སྟོན་ལམ་རིམ་ཚུ་ཡང་ འགོ་འདྲེན་འཐབ་ཡོདཔ་ཨིན།
དེ་ལས་ རྒྱལ་པོའི་ཞིང་ལུ་ ཟླཝ་༡ གི་རིང་ འགོ་འདྲེན་འཐབ་མི་ རང་ལུགས་སྤག་ཤིང་གི་ མདའ་རྩེད་འགྲན་བསྡུར་གྱི་ མཐའ་བཅད་རྩེད་འགྲན་དེ་ཡང་ འཁྲུངས་སྟོན་གྱི་ཉིནམ་དང་འབྲེལ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སྒེར་སྡེ་ཅིག་གིས་ འགོ་འདྲེན་འཐབ་མི་ གཡང་འཕེལ་ལམ་ལུགས་ཐོག་གི་ རྩེད་འགྲན་ནང་ མོང་སྒར་རྫོང་ཁག་ལས་ བཅའ་མར་གཏོགས་མི་སྡེ་ཚན་༡༩ ཐོན་མིའི་གྲས་ལས་ མཐའ་བཅད་ནང་ ཡ་ལྡི་སློབ་གྲྭ་ལྟེ་བ་དང་ ཀུར་རི་ཆུ་གློག་མེ་སྡེ་ཚན་ དེ་ལས་ ཀེ་སི་ཊི་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབདཝ་ད་ ཡ་ལྡི་སློབ་གྲྭ་ལྟེ་བ་གིས་ ཨང་དང་པ་ཐོན་ཡོདཔ་ད་ ཀེ་སི་ཊི་གིས་ ཨང་༢ པ་ དེ་ལས་ ཀུ་རི་ཆུ་གློག་མེ་སྡེ་ཚན་གྱིས་ ཨང་༣ པ་ཐོན་ནུག།
ཨང་དང་པ་ཐོན་མི་ལུ་ གསོལ་རས་ཨིན་ཅི་༡༨ འབད་མི་ སྟོན་པའི་སྐུ་དང་ ཨང་༢ པ་ལུ་ ཨིན་ཅི་༡༥ འབད་མི་ ཞབས་དྲུང་གི་སྐུ་ དེ་ལས་ ཨང་༣ པ་ལུ་ ཨིན་ཅི་༡༣ འབད་མི་ སྤྱན་རས་གཟིགས་ཀྱི་སྐུ་ཚུ་ སྐུ་མགྲོན་གཙོ་བོ་སྦེ་བྱོན་མི་ རྒྱལ་ཚབ་ཡིག་ཚང་ལས་ གཟིམ་དཔོན་གྱིས་ བྱིན་ཡོདཔ་ཨིན་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།