མོང་སྒར་ཁྲོམ།

མོང་སྒར་ཁྲོམ་ནང་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ།

མོང་སྒར་ཁྲོམ་ནང་ ལོ་བསྟར་བཞིན་དུ་ གོང་འཕེལ་གྱི་ལས་སྣ་ཚུ་དང་འབྲེལ་ མི་རློབས་ཡར་སེང་འགྱོ་མི་ལུ་བརྟེན་ ཞི་གཡོགཔ་དང་ སྒེར་སྡེ་ཚུ་ནང་ ལཱ་འབད་མི་ཚུ་ལུ་ སྡོད་ཁྱིམ་འཐོབ་མ་ཚུགས་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།

རྫོང་ཁག་ཚོགས་འདུ་ཐེངས་༣ པའི་སྐབས་ ཁྲོམ་སྡེའི་ངོ་ཚབ་ རྣམ་རྒྱལ་དཔལ་འབྱོར་གྱིས་ ཁྲོམ་གྱི་ས་ཁོངས་ནང་ སྡོད་ཁྱིམ་ཐོབ་མམ་ཚུགས་པའི་དཀའ་ངལ་དེ་ ཡར་སེང་འགྱོ་དོ་ཡོདཔ་ལས་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ གཞུང་ས་སྟོངམ་ཚུ་ནང་ ཁྱིམ་རྐྱབ་དགོ་པའི་ གྲོས་འབུལ་ཕུལ་ཡི།

ཚོགས་འདུ་གིས་ གྲོས་ཆོད་དང་བསྟུན་ རྫོང་ཁག་བདག་སྐྱོང་གིས་ འགོ་འདྲེན་ཐོག་ལས་ ལས་སྡེ་ཚུ་ལུ་ གཞུང་ཁྱིམ་བཟོ་སྐྲུན་འབད་ནི་དང་ ཁྲོམ་ནང་ ཁྱིམ་ས་ཐོབ་མི་ཚུ་གིས་ ཁྱིམ་རྐྱབ་བཅུག་ནིའི་དོན་ལུ་ ལཱ་འབད་དགོཔ་ཡོད་རུང་ ད་ལྟོ་ གནས་ཚད་ག་དེམ་ཅིག་ལུ་ལྷོདཔ་ཨིན་ན་ ཧ་གོ་མི་ཚུགས་པས་ཟེར་ཨིན་པས།

ཁྲོམ་སྡེ་ངོ་ཚབ་ རྣམ་རྒྱལ་དཔལ་འབྱོར་གྱིས་ སླབ་མིའི་ནང་ ཁྲོམ་སྡེ་གཙང་སྦྲ་དང་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ནིའི་དོན་ལུ་ ས་ཐོབ་མི་ཚུ་གིས་ སྒྲིང་ཁྱིམ་བཟོ་སྐྲུན་འབད་ནི་དང་ རང་ལུགས་ཀྱི་ཁྱིམ་ཚུ་ཡང་ ཉམས་བཅོས་དང་ བཟོ་བཅོས་འབད་དགོཔ་ ངེས་བདེན་ཡོད་ཟེར་ཨིན་པས།

ལྷག་པར་དུ་ རྣམ་རྒྱལ་དཔལ་འབྱོར་གྱིས་ སླབ་མི་དང་འཁྲིལ་བ་ཅིན་ ཉིནམ་ཨ་རྟག་ར་ མི་ཚུ་ ཁྱིམ་འཚོལ་བར་འོང་དོ་ཡོདཔ་མ་ཚད་ ཚོང་ལཱ་འགོ་བཙུགས་ནིའི་དོན་ལུ་ འོང་དོ་ཡོད་རུང་ ཁྱིམ་ལངམ་སྦེ་མེདཔ་ལས་ དཀའ་ངལ་བྱུང་སྟེ་ཡོད་ཟེར་ཨིན་པས།

དེ་འབདཝ་ལས་ རྫོང་ཁག་དང་ ལས་ཁུངས་ཁག་གི་ ཡིག་ཚང་ཚུ་ནང་ ལཱ་འབད་མི་ཚུ་ ཁྱིམ་ཐོབ་མ་ཚུགསཔ་ལས་ ཆ་རོགས་དང་ སྤུན་ཆ་ཚུ་དང་གཅིག་ཁར་ སྡོད་དགོཔ་བྱུང་སྟེ་འདུག།

ཁྲོམ་གྱི་ཁྱིམ་ཅིག་ནང་ གཅིག་ཁར་སྡོད་མི་ བསྟན་འཛིན་དབང་ཕྱུག་གིས་ སླབ་མིའི་ནང་ བཟའ་ཚང་༢ གཅིག་ཁར་སྡོད་པའི་སྐབས་ སྟབས་མ་བདེཝ་དེ་ར་ ཕམ་དང་སྤུན་ཆ་ཚུ་འོང་པའི་སྐབས་ ཤོང་མི་ཚུགས་པས་ཟེར་ཨིན་པས།

དེ་བཟུམ་སྦེ་ རྫོང་ཁག་གཞན་ལས་ གནས་སོར་འོང་མི་ ཡེ་ཤེས་ཀྱིས་ མོང་སྒར་ལུ་ལྷོད་དེ་ ལོ་༡ ལང་ཡོད་རུང་ ད་ལྟོ་ཚུན་ ཁྱིམ་མ་ཐོབ་ལས་ སྤུན་ཆ་དང་གཅིག་ཁར་ སྡོད་དོ་ཡོདཔ་ཨིན་པས།

ཡེ་ཤེས་ཀྱིས་ སླབ་མི་དང་འཁྲིལ་བ་ཅིན་ ད་རེས་ནངས་པར་ མོང་སྒར་ཁྲོམ་ཁར་ བཟོ་སྐྲུན་འབད་བའི་བསྒང་ཨིན་མི་ སྒྲིང་ཁྱིམ་ཚུ་ ཧེ་མ་འོང་མི་ཚུ་གིས་ བདག་སྲུང་འབད་ཡོདཔ་ལས་ དཀའ་ངལ་འདུག་ཟེར་ཨིན་པས།

རྫོང་ཁག་བདག་སྐྱོང་གིས་ རྒྱལ་ཡོངས་ཟུར་་ཕོགས་དང་འཚོ་རྟེན་མ་དངུལ་དང་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ཚུ་གིས་ ཞི་གཡོགཔ་ཚུ་གི་དོན་ལུ་ རྫོང་ཁག་གཞན་ཚུ་ནང་ གཞུང་ཁྱིམ་རྐྱབ་ཡོདཔ་བཟུམ་སྦེ་ མོང་སྒར་ལུ་ཡང་ དགོཔ་ངེས་བདེན་འདུག་ཟེར་ ཡེ་ཤེས་ཀྱིས་ བསམ་འཆར་བཀོདཔ་ཨིན་པས།

རྫོང་ཁག་ལས་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁྱིམ་མ་ཐོབ་པའི་དཀའ་ངལ་དེ་ ཚ་གྱང་ཅན་ཅིག་ལུ་ གྱུར་ཡོདཔ་ལས་ གཞུང་གིས་ ཁྱིམ་རྐྱབ་ནིའི་དོན་ལུ་ ད་ལྟོ་ ས་ཁོངས་ཚུ་ལྟ་རྟོག་དང་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ཨིན་པས།

མོང་སྒར་ཁྲོམ་ཁར་སྡོད་མི་༣༠༠༠ ལྷགཔ་ཅིག་ཡོད་པའ་ཁར་ སྒྲིང་ཁྱིམ་དང་ རང་ལུགས་ཀྱི་ཁྱིམ་བསྡོམས་༡༠༠ ལྷགཔ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *