མཐུན་རྐྱེན་ཚུ་ བཟོ་སྐྲུན་འབད་དོ་ཡོད་མི་ མོང་སྒར་ཁྲོམ།

མོང་སྒར་ཁྲོམ་ནང་ མཐུན་རྐྱེན་ཚུ་ བཟོ་སྐྲུན་འབད་དོ་ཡོདཔ།

ད་རེས་ནངས་པར་ མོང་སྒར་ཁྲོམ་གྱི་ མཐའ་འཁོར་ཚུ་ལུ་ལྟཝ་ད་ མཛེས་ཏོག་ཏོ་དང་ བྱ་མཆིས་ཆི་སྦེ་ མཐོངམ་མ་ཚད་ ཕར་ཚུར་འགྲོ་འགྲུལ་འབད་མི་ མི་ཚུ་ལུ་ གནོད་ཉེན་མེད་མི་དེ་ཡང་ ཁྲོམ་ནང་འཁོད་དང་ གཞུང་ལམ་གཡས་གཡོན་ལས་ རྐང་ལམ་བཟོ་བསྐྲུན་འབད་མི་ལུ་བརྟེན་ཨིན་པས།

ཟ་ཁང་གི་ཇོ་བདག་ཅིག་ཨིན་མི་ མཚོ་རྒྱལ་ལྷ་མོ་གིས་ སླབ་མིའི་ནང་ ལོ་ངོ་བཅུ་ཕྲག་གི་རྒྱབ་ལས་ ཁྲོམ་ཁའི་མི་ ཚུ་གིས་ དེང་སང་གི་ གཞི་རྟེན་མཐུན་རྐྱེན་ཚུ་ སྤྱོད་ནི་གི་ གོ་སྐབས་འཐོབ་ཚུགས་ནི་མས་ཟེར་ཨིན་པས།

ཁྱིམ་གྱི་ཇོ་བདག་ སྒྲོལ་མ་གཡང་འཛོམས་ཀྱིས་ ཁྲོམ་ཆགས་ཏེ་ ལོ་བཅུ་ཕྲག་༣ གྱི་ཤུལ་ལས་ གཞུང་ལམ་རྒྱ་སྐྱེད་འབད་བའི་ཁར་ གཡུར་བ་ཡང་ རྩི་སའི་ཆུ་དུང་ཚུ་ སའི་འོག་ལུ་བཙུགས་ཏེ་ བཟོ་ཡོདཔ་ལས་ སྣུམ་འཁོར་བཞག་ནི་དང་ རྐང་ལམ་ཚུ་ཡང་ བཟོ་སྐྲུན་འབད་བའི་བསྒང་ཨིན་རུང་ ད་ལྟོ་མཛེས་ཏོག་ཏོ་སྦེ་ མཐོངམ་མས་ཟེར་ཨིན་པས།

སློབ་ཕྲུག་གི་ཕམ་ བསོད་ནམས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ གཞུང་ལམ་རྒྱ་སྐྱེད་འབད་མི་དེ་ ད་ལྟོའི་བར་ན་ཡང་ བཟོ་སྐྲུན་འབད་མ་ཚརཝ་ལས་ ཉིན་ནུབ་མེད་པར་ སྣུམ་འཁོར་རྒྱུན་འགྲུལ་འབད་མི་ལུ་བརྟེན་ ཐལཝ་དང་ ཆར་རྐྱབ་པའི་སྐབས་ དཀའ་ངལ་སྣ་ཚོགས་བྱུང་མི་དེ་ རྐང་ལམ་གྱིས་ སེལ་ཚུགས་ནི་ཨིན་རུང་ རྩི་ནག་བཏང་ཡོདཔ་ལས་ སྣུམ་འཁོར་ཤུགས་ཚད་ལས་བརྒལ་བཏང་མི་དེ་གིས་ སློབ་ཕྲུག་ཚུ་གི་ཚེ་སྲོག་ལུ་ ཉེན་ཁ་འདུག་ཟེར་ཨིན་པས།

ཁྲོམ་སྡེའི་འཐུས་མི་ རྣམ་རྒྱལ་དཔལ་འབྱོར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྲོམ་སྡེ་ནང་ ཆུའི་དཀའ་ངལ་ འཕྲལ་འཕྲལ་བྱུང་མི་དང་ ཆུའི་གཡུར་བ་བསུབས་མི་ སྣུམ་འཁོར་ལམ་ལེགས་ཤོམ་མེད་མི་ དེ་ལས་ ཁྲོམ་གཙང་སྦྲ་དང་ལྡནམ་སྦེ་བཞག་མ་ཚུགས་མི་དེ་ཡང་ ལས་འགུལ་ཚུ་ མཇུག་བསྡུ་བའི་ཤུལ་ལས་ དཀའ་ངལ་བསལ་ཚུགས་ཟེར་ཨིན་པས།

རྫོང་ཁག་བཟོ་རིག་འགོ་དཔོན་གྱིས་ སླབ་མི་དང་འཁྲིལ་བ་ཅིན་ ཁྲོམ་ནང་འཁོད་ཀྱི་ ཁྱིམ་རེ་རེ་བཞིན་དུ་ལུ་ འཐུང་ཆུ་བཀྲམ་སྤེལ་ དེ་ཡང་ སྤུས་ཚད་དང་ལྡན་པའི་ ཆུ་དུང་གསརཔ་བཙུགས་ཡོདཔ་མ་ཚད་ ད་ལས་ཕར་ མེདཔ་ཐལ་སོ་པ་ཅིན་ གློག་རིག་ཡོངས་འབྲེལ་གྱི་ཐོག་ལས་ལྟ་སྟེ་ དུས་ཡུན་ཐུང་ཀུ་ཅིག་ནང་ བསལ་ཚུགས་པའི་ ཐབས་ཤེས་བཏོན་ཏེ་ཡོད་ཟེར་ཨིན་པས།

རིག་གསར་ཁག་འབག་གི་ཇོ་བདག་ ཀོ་ཏ་གིས་ སླབ་མིའི་ནང་ ཁྲོམ་སྡེ་ནང་ ཉམས་བཅོས་ཀྱི་ལཱ་ཚུ་འབདཝ་ད་ དཀའ་ངལ་ལེ་ཤ་འཐོན་ནི་ཡོདཔ་ལས་ ལཱ་ནམ་ཡང་ རྫོགས་ནི་མེདཔ་མ་ཚད་ འཆར་གཞི་དང་ ལས་རིམ་ ནང་མེད་པའི་ བཟོ་སྐྲུན་འབད་དགོཔ་ལེ་ཤ་ཐོན་ནི་དེ་གིས་ དུས་ཚོད་ནང་ མཇུག་བསྡུ་མི་ཚུགས་པས་ཟེར་ཨིན་པས།

རྫོང་ཁག་བདག་སྐྱོང་གིས་ ཁྲོམ་སྡེ་ཉམས་བཅོས་ཀྱི་ ལཱ་བྱིན་པའི་སྐབས་ རྫོང་གི་ལྟག་ལུ་དང་ གཞུང་ལམ་འོག་གི་ སྣུམ་འཁོར་ལམ་རྒྱ་སྐྱེད་འབད་དེ་ རྩི་ནག་གཏང་ནི་ལས་བརྒལ་མེད་པའི་ཁར་ འབྲིང་རིམ་སློབ་གྲྭ་དང་ ཚོད་བསྲེ་ ཁྲོམ་ཚུན་ གྱང་རྩིག་རྐྱབ་སྟེ་ བཟོ་སྐྲུན་འབད་དགོ་པའི་ ལཱ་མེད་ཟེར་ཨིན་པས།

ཀོ་ཏ་དང་འཁྲིལ་བ་ཅིན་ རྫོང་ཁག་བདག་སྐྱོང་གིས་ཡང་ ཧེ་མ་ལས་ འཆར་གཞི་ཡོད་པའི་ཁར་ བཟོ་ སྐྲུན་ལཱ་ཚུ་ཡང་ འབད་དགོཔ་ཨིན་ཟེར་ དུས་ཡུན་བཀག་ཐོག་ ལས་འགུལ་སྤྲོད་དེ་འབད་བ་ཅིན་ ལཱ་དང་བསྟུན་ ལས་མི་འཁྱིད་འོང་ནི་ཨིན་རུང་ དེ་སྦེ་མེདཔ་ལས་ དཀའ་ངལ་བྱུང་ཡོདཔ་མ་ཚད་ ལཱ་ཡང་ ནམ་མཇུག་བསྡུ་ཚུགས་ག་ མི་ཤེས་པས་ཟེར་ཨིན་པས།

ད་ལྟོ་འབད་བཞིན་ཡོད་པའི་ལཱ་ཚུ་ རྫོང་ཁག་བདག་སྐྱོང་གིས་ ཉམས་བཅོས་དང་ གསརཔ་བཟོ་དགོཔ་སྦེ་ བཟོ་ སྐྲུན་གྱི་ལཱ་ ཐེབས་སྤྲོད་དེ་ བཟོ་སྐྲུན་ཡང་ ཧ་ལམ་འབད་དེ་ཡོད་རུང་ རྫོང་ཁག་ལས་ མ་དངུལ་ལེན་ལེནམ་མེདཔ་ མ་ཚད་ ཟད་འགྲོ་ཡང་ ག་དེམ་ཅིག་བཏང་ཡོདཔ་ཨིན་ན་ ཡོངས་རྫོགས་སྦེ་ བཟོ་སྐྲུན་འབད་ཚརཝ་ད་ལས་བརྒལ་ ཤེས་མི་ཚུགས་ནི་མས་ཟེར་ ཀོ་ཏ་གིས་ སླབ་ཨིན་པས།

རྫོང་ཁག་ལས་ བཟོ་རིག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཀོ་ཏ་ལུ་ ཁྲོམ་སྡེ་ ཉམས་བཅོས་ཀྱི་ལཱ་ སྤྲོད་ཡོད་མི་དེ་ཡང་ རྫོང་ཁག་བདག་སྐྱོང་རྐྱངམ་གཅིག་གིས་ གོ་སྐབས་སྤྲོད་ཡོདཔ་མེན་པར་ ལྕོགས་གྲུབ་དང་ལྡན་པའི་ ཁག་འབགཔ་༤ དང་མཉམ་འབྲེལ་ཐོག་ གྲོས་བསྟུན་འབད་ཞིནམ་ལས་ སྤྲོད་ཡོདཔ་ སྦེ་ཨིན་པས།

འདས་པའི་དྲི་ལན་ནང་ རྫོང་བདག་ཨྱོན་བསོད་ནམས་ཀྱིས་ སླབ་མིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གི་ ཐུགས་ཀྱི་དགོངས་བཞེད་འགྲུབ་ཐབས་ལུ་ ཁྲོམ་ཉམས་བཅོས་ཀྱི་ལཱ་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་

གཞུང་གི་མ་དངུལ་རྒྱབ་སྐྱོར་ཐོག་ལས་ རིག་གསར་ཁག་འབགཔ་ལུ་ ཉམས་བཅོས་ཀྱི་ ལས་འགུལ་སྤྲོད་ཅི་ཟེར་ ཨིནམ་ད་ ད་ཚུན་ ཁྲོམ་གཙང་སྦྲ་དང་ལྡནམ་སྦེ་ བཞག་མ་ཚུགསཔ་མ་ཚད་ འཁོར་ལམ་ཡང་ འཕྲལ་འཕྲལ་ར་ མེདཔ་ཐལ་མི་གིས་ སློབ་ཕྲུག་ཨ་ལོ་ཚུ་གི་ ཚེ་སྲོག་ལུ་ གནོད་ཉེན་ཡོད་མི་དེ་ སེལ་ཚུགས་པའི་ དམིགས་ གཏད་གྲུབ་ཚུགས་ཅི་ཟེར་ཨིན་པས།

ལྷག་པར་དུ་ ཁྲོམ་ནང་འཁོད་ལུ་ ཆུ་དུང་ཚུ་ རང་སོའི་སྒྲིང་ཁྱིམ་གྱི་གདོང་ཁར་ གསརཔ་བཙུགས་ཡོདཔ་ཨིན་རུང་ འཁོར་ལམ་རྩི་ནག་གཏང་ནི་དེ་ཡང་ རིག་གསར་ཁག་འབགཔ་ལུ་ ཤོག་མཚུངས་སྦེ་ སྤྲོད་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *