འཐུང་ཆུ་བཀྲམ་སྤེལ་དོན་ལུ་ ཆུ་དུང་བཙུགས་པའི་བསྒང་།

མོང་སྒར་ཁྲོམ་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་དོ་ཡོདཔ།

ད་རེས་ནངས་པར་ མོང་སྒར་ཁྲོམ་གྱི་ས་ཁོངས་ནང་ ཉམས་བཅོས་ཀྱི་ལཱ་ཚུ་འབད་མི་ལུ་བརྟེན་ ས་གནས་ནང་སྡོད་མི་ཚུ་ སེམས་དགའ་སྟེ་ཡོདཔ་ཨིན་པས།

ཀི་ལོ་མི་ཊར་༣ འབད་མི་ ཁྲོམ་ནང་འཁོད་ཀྱི་ འཁོར་ལམ་རྒྱ་སྐྱེད་དང་ ཉམས་བཅོས་འབད་བའི་ཁར་ ཆུ་གཡུར་སེལ་དོ་ཡོདཔ་མ་ཚད་ ཨ་རྟག་མེད་མི་ འཁོར་ལམ་གྱི་ གཡས་གཡོན་ལུ་ རྐང་ལམ་གསརཔ་བཟོ་དོ་ཡོདཔ་ཨིན་པས།

སྐྱེས་ལོ་༣༠ ལང་མི་ སངས་རྒྱས་དཔལམོ་གིས་ སླབ་མིའི་ནང་ འདས་པའི་ལོ་༡༠ གི་ཧེ་མ་ལས་ ཁྲོམ་ནང་སྡོད་རུང་ ད་རེས་བཟུམ་སྦེ་ ཉམས་བཅོས་ཀྱི་ལཱ་ཚུ་ འབད་སར་མ་མཐོང་ཟེར་ཨིན་པས།

ད་ཚུན་ ཁྲོམ་གྱི་ས་ཁོངས་ནང་ རྐང་ལམ་བཟོ་མི་དེ་ ཐིམ་ཕུག་རྐྱངམ་གཅིག་མ་གཏོགས་ རྫོང་ཁག་གཞན་ནང་ མ་མཐོང་རུང་ ད་རེས་ མོང་སྒར་ཁྲོམ་ནང་ བཟོ་སྐྲུན་འབད་མི་དེ་ འགོ་དང་པ་ཨིན་ཟེར་ ཁྲོམ་ནང་སྡོད་མི་ ཚེ་རིང་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།

གླ་འཁོར་དེད་གཡོགཔ་ཅིག་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ མི་དང་ སྣུམ་འཁོར་ཚུ་ག་ར་ སྟབས་ཅིག་ཁར་ འགྲོ་འགྲུལ་འབད་དགོཔ་བྱུང་མི་ དཀའ་ངལ་དེ་ ད་ལས་ཕར་ བསལ་ཚུགས་ནི་ཨིནམ་ལས་ མིའི་ཚེ་སྲོག་ལུ་ ཉེན་ཁ་མིན་འདུག་ཟེར་ཨིན་པས།

སློབ་རིམ་༧ པའི་ནང་ སློབ་ཕྲུག་བསྟན་འཛིན་གྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ སྣུམ་འཁོར་ལམ་ཆུང་བའི་ ཁར་ ཧ་ཀ་ཧོ་ཀ་ཡང་ ལེ་ཤ་ཅིག་ར་ཡོདཔ་ལས་ གནམ་བྱཱར་ལུ་ ཆརཔ་གི་དཀའ་ངལ་དང་ གནམ་དགུན་ལུ་ ཐལཝ་གིས་ སློབ་གྲྭ་ནང་འགྱོ་མི་ སློབ་ཕྲུག་ཚུ་ལུ་ དཀའ་ངལ་བྱུང་ཡི་ཟེར་ཨིན་པས།

མོང་སྒར་ཁྲོམ་ནང་ དེ་བཟུམ་མིའི་ གཞི་རྟེན་མཐུན་རྐྱེན་ཚུ་ ནམ་ལྷོད་ཚུགས་ག་ཟེར་ ལོ་༥ འི་ཧེ་མ་ལས་ རེ་བ་ བསྐྱེད་སྡོད་མི་དེ་ དུས་ཅི་ འགྲུབ་ཚུགས་ནི་མས་ཟེར་ ཨ་ལོ་༣ གྱི་ཨའི་ བསམ་འཕེལ་གྱིས་ སླབ་ཡོདཔ་ད་ ད་ལས་ཕར་ དྲོ་པ་ཧ་སག་ ཨ་ལོ་དང་གཅིག་ཁར་ བདག་འཛིན་འཐབ་སྟེ་ སློབ་གྲྭ་ནང་ཚུན་ འགྱོ་མི་དགོ་ནི་མས་ཟེར་ཨིན་པས།

རྫོང་བདག་ཨྱོན་བསོད་ནམས་ཀྱིས་ སླབ་མིའི་ནང་ གཞུང་གི་མ་དངུལ་རྒྱབ་སྐྱོར་ཐོག་ལས་ ཟད་འགྲོ་སྦོམ་བཏང་སྟེ་ རིག་གསར་ཁག་འབགཔ་ལུ་ དུས་ཡུན་ཟླ་ངོ་དག་པ་ཅིག་གི་རིང་ ལས་འགུལ་སྤྲོད་མི་དེ་ ད་རེས་ཀྱི་ཟླ་མཇུག་ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

དེ་དང་འདྲཝ་སྦེ་ ད་ཚུན་ ཁྲོམ་གཙང་སྦྲ་དང་ལྡནམ་སྦེ་བཞག་ནི་ལུ་ དཀའ་ངལ་བྱུངམ་མ་ཚད་ འཁོར་ལམ་ཡང་ འཕྲལ་འཕྲལ་ར་ མེདཔ་ཐལ་མི་ལུ་བརྟེན་ སློབ་ཕྲུག་ཨ་ལོ་ཚུ་གི་ ཚེ་སྲོག་ལུ་ཡང་ གནོད་ཉེན་ཡོད་མི་དེ་ འཕྲལ་མགྱོགས་ར་ བསལ་ཚུགས་པའི་དམིགས་གཏད་ཨིན་ཟེར་ རྫོང་བདག་གིས་ སླབ་ཨིན་པས།

ལྷག་པར་དུ་ རྫོང་བདག་དང་འཁྲིལ་བ་ཅིན་ ཁྲོམ་ནང་ཚུད་མི་ཡོངས་རྫོགས་སྦེ་ རྐང་ལམ་དང་ འཁོར་ལམ་ཉམས་ བཅོས་འབད་མ་ཚུགས་རུང་ ཆུ་གཡུར་དང་ ཆུ་དུང་ཚུ་ གསརཔ་བཙུགས་མི་དེ་གིས་ འཐུང་ཆུའི་དཀའ་ངལ་ བསལ་ནི་དང་ ཆུ་གཡུར་བཟོ་སྐྲུན་འབད་མི་གིས་ཡང་ ཊེ་གླིང་ཁྲོམ་ ཧིང་སངས་ས་སྦེ་བཞག་ནི་ལུ་ ཁེ་ཕན་འབྱུང་ ཚུགས་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *