མོང་སྒར་ཁྲོམ་གྱི་ འཐུང་ཆུའི་དཀའ་ངལ་ སེལ་ཐབས་འབད་མ་ཚུགསཔ་ཨིན་ན?

༉ ལོ་བསྟར་བཞིན་དུ་ དུས་ཚོད་འ་ནེམ་ཅིག་ཁར་ མོང་སྒར་ཁྲོམ་ནང་ འཐུང་ཆུའི་དཀའ་ངལ་ཐོན་མི་དེ་ ད་ ལྟོའི་བར་ན་ཡང་ སེལ་མ་ཚུགས་པར་ཡོད་མི་ལུ་བརྟེན་ མི་སེར་ཚུ་ ཉིན་བསྟར་གྱི་ལཱ་འབད་ནི་ལུ་ གདོང་ལེན་ བྱུང་སྟེ་འདུག།
ཁྲོམ་ནང་སྡོད་མི་ ཀུན་ལེགས་ཀྱིས་ སླབ་མིའི་ནང་ ཁྲོམ་ནང་ འཕྲལ་འཕྲལ་ར་ ཆུའི་དཀའ་ངལ་ཐོན་མི་དེ་ གནད་དོན་གསརཔ་ཅིག་ མེན་མི་ལུ་བརྟེན་ རྫོང་ཁག་བདག་སྐྱོང་གིས་ ཆུའི་དཀའ་ངལ་ སེལ་ནིའི་དུས་ཚོད་ ན་འཐན་རན་མཆིས་ཡི་ཟེར་ཨིན་པས།
རྫོང་ཁག་གིས་ དུས་ཚོད་བཟོ་མི་ལྟར་དུ་ དྲོ་པ་དང་ཕྱི་རུ་ ཆུ་བཏང་མི་དེ་ ཁྱིམ་གྱི་ཇོ་བདག་ཚུ་གིས་ དུས་ཚོད་ནང་ ཆུ་འཐེན་འཕྲུལ་ཆས་ལག་ལེན་འཐབ་དགོཔ་ཨིན་རུང་ རེ་ཚེ་སྐབས་ ལག་ལེན་འཐབ་ནི་མེདཔ་ལས་ ཉིན་བསྟར་གྱི་ལཱ་འབད་ནི་ལུ་ ཐོ་ཕོགཔ་མས་ཟེར་ སླབ་ཨིན་པས།
སྐྱེས་ལོ་༣༨ ལང་མི་ སྐལ་བཟང་གིས་ སླབ་དོ་བཟུམ་འབད་བ་ཅིན་ དྲོ་པ་དུས་ཡུན་སྐར་མ་༣༠ ལས་བརྒལ་ ཆུ་གཏང་ནི་མེདཔ་ལས་ དེ་གིས་ དྲོ་མཛར་བཟོ་ནི་དང་ ཁ་ལག་འཁྱུ་ནི་ལས་བརྒལ་ ལང་མི་ཚུགས་པས་ཟེར་ཨིན་པས།
དེ་བཟུམ་སྦེ་ ཞི་གཡོགཔ་ཨམ་སྲུ་ཅིག་གིས་ སླབ་མིའི་ནང་ ཁྱིམ་ནང་ཆུ་མེདཔ་ལས་ ཆུ་ཡོད་ས་ལས་ ཆུ་ལེན་ནིའི་དོན་ལུ་ དྲོ་པ་དང་ཕྱི་རུ་ མི་ཚུ་གིས་ ག་ཐོབ་རྐྱབ་མ་ཚད་ ཧེ་མ་ལས་ ལྷོད་མི་ཚུ་གིས་ ཆུ་དུམ་གྲ་རེ་ཐོབ་རུང་ མང་ཤོས་ཅིག་གིས་ ཆུ་ཐོབ་མི་ཚུགས་པས་ཟེར་ཨིན་པས།
རྫོང་ཁག་བདག་སྐྱོང་ལས་ བཟོ་རིག་འགོ་དཔོན་ རམ་བྷ་དུར་ཇི་གིས་ སླབ་མིའི་ནང་ གནམ་དགུན་ལུ་ ཆུ་རྐ་སྐམ་མི་དང་ གཞུང་ལམ་རྒྱ་སྐྱེད་ལུ་བརྟེན་ ཆུ་དུང་ཚུ་ བརྟན་ཏོག་ཏོ་ བཟོ་མ་ཚུགསཔ་ལས་ ཆུ་མཛོད་ཁང་ལས་ དུས་ཡུན་ཆུ་ཚོད་༢༤ གི་རིང་ ཆུ་བཀྲམ་སྤེལ་འབད་མ་ཚུགས་རུང་ དྲོ་པ་དང་ཕྱི་རུ་ བཀྲམ་སྤེལ་འབད་དོ་ཟེར་ཨིན་པས།
གནམ་དགུན་གྱི་དུས་ཚོད་ལུ་ ཆུ་རྐ་ཚུ་ སྐམ་འགྱོ་བའི་སྐབས་ ཁྲོམ་སྡེ་ནང་ འཐུང་ཆུའི་དཀའ་ངལ་ སེལ་ཐབས་འབད་ནིའི་དོན་ལས་ སྤྱི་ལོ་༢༠༡༧ ལུ་ ལྕགས་ཀྱིས་བཟོ་མི་ ཆུ་མཛོད་ཁང་༢ ཆུ་འཐེན་འཕྲུལ་ཆས་ཀྱིས་ ལག་ལེན་འཐབ་ནིའི་དོན་ལུ་ གྲ་སྒྲིག་སོང་སྟེ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ ནདཔ་སྦེ་འོང་མི་ཅིག་གིས་ སླབ་མིའི་ནང་ སྨན་ཁང་ནང་ དུས་ཡུན་ཆུ་ཚོད་༢༤ གི་རིང་ ཆུ་བྱིན་དགོཔ་ཨིན་རུང་ རེ་ཚེ་སྐབས་ ནུབ་མོ་གསང་སྤྱོད་ནང་ ཆུ་མེད་པར་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ བདག་སྐྱོང་འགོ་དཔོན་ ཀརྨ་ཡེ་ཤེས་ཀྱིས་ སླབ་མིའི་ནང་ འདས་པའི་ལོ་ཚུ་ དང་ཕྱདཔ་ད་ སྨན་ཁང་ནང་ འཐུང་ཆུ་བཀྲམ་སྤེལ་ཡར་དྲག་སོང་ཡི་ཟེར་ཨིནམ་ད་ དེ་ཡང་ ཀོ་རི་ལ་དང་ མོང་སྒར་ཁྲོམ་གྱི་བར་ན་ གཞུང་ལམ་རྒྱ་སྐྱེད་ཀྱི་ལས་འགུལ་ཡང་ ཧ་ལམ་ མཇུག་བསྡུ་ནིའི་གུ་ ལྷོད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
གཞན་དལ་གཞི་ ཀོ་རི་ལོ་ལས་ ཁྲོམ་ཚུན་ གཞུང་ལམ་རྒྱ་སྐྱེད་འབད་མི་ལུ་བརྟེན་ ཆུ་དུང་ག་ར་ མེདཔ་བཏང་དོ་ཡོདཔ་ལས་ ཉིན་བསྟར་བཞིན་དུ་ ཆུ་ཉམས་བཅོས་འབད་བར་ ཀི་ལོ་མི་ཊར་༡༥ དེ་ཅིག་ལུ་ ལྟ་རྟོག་འབད་བར་འགྱོ་དགོ་ཟེར་ཨིན་པས།
ལྷག་པར་དུ་ བདག་སྐྱོང་འགོ་དཔོན་གྱིས་འབད་བ་ཅིན་ སྨན་ཁང་གི་དོན་ལུ་ ཆུ་རྐ་༢ ཡོདཔ་མ་ཚད་ ཆུ་མ་ལང་པའི་སྐབས་ ཁྲོམ་སྡེ་གིས་ རྒྱབ་སྐྱོར་འབདཝ་ཨིན་ཟེར་ཨིན་པས།
མོང་སྒར་ཁྲོམ་ནང་ མི་རློབས་༤,༡༢༨ ལྷགཔ་ཅིག་ཡོདཔ་ད་ མི་རེ་གིས་ ཉིན་བསྟར་བཞིན་དུ་ ཆུ་ལི་ཊར་༡༤༥ ལག་ལེན་འཐབ་དགོ་པའི་ སྲིད་བྱུས་དང་འཁྲིལ་བ་ཅིན་ ཆུ་ལི་ཊར་༥༩༨,༥༦༠ དེ་ཅིག་ དགོས་མཁོ་ཡོདཔ་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *