མེ་རྐྱེན་གྱིས་འཚིགས་མི་ ཁེངས་རིགས་རྣམ་གསུམ་མཉམ་ལས་སྡེ་ཚན་གྱི་ཁྱིམ།

མེ་རྐྱེན་ལུ་བརྟེན་ ཁེངས་རིགས་རྣམ་གསུམ་མཉམ་ལས་སྡེ་ཚན་ལུ་ གྱོང་རྒུད་སྦོམ་ཕོག་ཡོདཔ།

༉ དུས་ཅི་ སྤྱི་ཟླ་༨ པའི་ནང་ མེ་རྐྱེན་གྱིས་ འཕྲུས་ཆས་ཚུ་ག་ར་ འཚིགས་བཏང་པའི་ཤུལ་ལས་ ཁེངས་རིག་རྣམ་གསུམ་མཉམ་ལས་སྡེ་ཚན་གྱི་ ན་གཞོན་ཚུ་གིས་ འོང་འབབ་ཀྱི་ལཱ་དེ་ཅིག་ འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
གཞན་དལ་གཞི་ དུས་ཚོད་འ་ནེམ་ཅིག་ཁར་ ན་གཞོན་ཚུ་གིས་ ངང་ལ་སྐམ་ནི་དང་ ཌོ་ལེ་ཨེ་རྫས་བཟོ་ནི་ དེ་ལས་ སྤག་ཤིང་ལྕུག་གུའི་ཨེ་རྫས་བཟོ་ནིའི་ དུས་ཚོད་ཨིན་རུང་ འཕྲུས་ཆས་ཚུ་མེདཔ་ལས་ ལཱ་འབད་མ་ཚུགསཔ་ཨིན་པས།
སྡེ་ཚན་ནང་ལཱ་འབད་མི་ བཀྲིས་དབང་མོ་གིས་ བཤད་མིའི་ནང་ མེ་རྐྱེན་གྱིས་ ཨེ་རྫས་དང་ གཞན་ཚོང་བསྒྱུར་གྱི་དོན་ལུ་ བསྡུ་བསྒྱོམ་འབད་དེ་བཞག་མི་ མཐུན་རྐྱེན་ཚུ་ག་ར་ འཚིགས་བཏང་ཡོདཔ་མ་ཚད་ འཕྲུལ་ཆས་ཚུ་ཡང་ འཚིགས་བཏང་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ ན་གཞོན་ཚུ་གིས་ ད་རེས་ནངས་པར་ འོང་འབབ་བཟོ་ནིའི་དོན་ལུ་ ལཱ་དེ་ཅིག་ འབད་མ་ཚུགས་པར་ དེ་སྦེ་ར་སྡོད་དོ་ཟེར་ བཀྲིས་དབང་མོ་གིས་བཤད་ཅི།
མོ་གིས་སླབ་མིའི་ནང་ དུས་ཚོད་འ་ནེམ་ཅིག་ཁར་ མེ་རྐྱེན་བྱུང་བའི་སྐབས་ ས་གནས་ཀྱི་མི་སེར་ཚུ་ལས་ ཏི་རུ་མ་སྤྲོད་པར་ ཉོ་བཞག་མི་ འོང་འབབ་དངུལ་ཀྲམ་ས་ཡ་༡ དེ་ཅིག་ གནས་པའི་རྒྱུ་ཆས་ཚུ་ འཚིགས་སོ་ཡི་ཟེར་ཨིན་པས།
ན་གཞོན་སྡེ་ཚན་གྱིས་ མང་ཤོས་ར་ ས་གནས་ནང་ལས་ཐོན་མི་ ངང་ལག་དང་ སྤག་ཤིང་གི་ལྕུག་གུ་ ས་སྒ་ དེ་ལས་ གཞན་ཡང་ ཚོད་བསྲེའི་རིགས་ཚུ་ལུ་བརྟེན་པའི་ ཁ་རྫས་ལ་སོགས་པ་ཚུ་ བཟོ་དོ་ཡོདཔ་ད་ དངུལ་ཐོག་ཚུ་ཡང་ ས་ཆ་གླ་ཁར་ལེན་ཏེ་ འཛུགས་སྐྱོང་འབད་ཞིནམ་ལས་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།
ཚེ་རིང་སྒྲོལ་དཀར་གྱིས་ སློབ་རིམ་༡༠ པ་མཇུག་བསྡུ་བའི་ཤུལ་ལས་ མཉམ་ལས་ནང་ལཱ་འབད་ནི་ འགོ་བཙུགས་ཡོདཔ་ད་ མོ་གིས་བཤད་མིའི་ནང་ འཕྲུལ་ཆས་ཚུ་ ཕུད་རྡོག་གཅིག་ཡང་ ཉེན་བཅོལ་མ་འབདཝ་ལས་ ག་ནི་ཡང་ འཐོབ་མ་ཚུགས་རུང་ ཁོང་རའི་ དུས་རྒྱུན་གྱི་ལཱ་ཚུ་འབད་ནིའི་དོན་ལུ་ རྫོང་ཁག་རྐྱེན་ངན་འཛིན་སྐྱོང་ཁ་ཐུག་ལས་ གནས་སྐབས་ཀྱི་ཁྱིམ་ རྐྱབ་བྱིན་གེ་ཟེར་ སླབ་སྟེ་ཡོད་རུང་ ད་ལྟོ་ ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
མེ་གིས་འཚིགས་མིའི་གྲས་ཁར་ གཞུང་གིས་གྲོགས་རམ་སྦེ་བྱིན་མི་འཕྲུལ་ཆས་ ཨེ་རྫས་སླ་བསྲེས་མི་དང་ ཚལ་ལུ་པགས་ཀོ་བཤུབ་མི་ འཕྲུལ་ཆས་ཚུ་ཡོད་པའི་ཁར་ ཁོ་ར་གིས་ཉོ་མི་ ངང་ལག་བཏོག་མི་དང་ བརྔོ་མི་འཕྲུལ་ཆས་ཚུ་ཡང་ ཡོད་ཡི་ཟེར་ཨིན་པས།
གནམ་དགུན་རནམ་ད་ ཚལ་ལུ་གིས་ འོང་འབབ་བཟོ་ཚུགས་དོ་ཡོད་པའི་ཁར་ མི་སེར་གྱི་ས་ཆ་མ་སྤྱོད་པར་བཞག་མི་ཚུ་ཡང་ གླ་ཁར་ལེན་ཏེ་ ཨ་པའི་མགུ་ཏོ་ཚུ་ འཛུགས་སྐྱོང་འབད་དེ་ ཚོང་བསྒྱུར་འཐབ་དོ་ཡོདཔ་ད་ ན་ཧིང་ལོ་ནང་ སྡེ་ཚན་གྱིས་ ཨ་པའི་མགུ་ཏོ་ ཐིམ་ཕུག་ལུ་འབག་འོང་སྟེ་བཙོང་མི་ལས་ འོང་འབབ་དངུལ་ཀྲམ་༣༠༠,༠༠༠ དེ་ཅིག་ བཟོ་ཡི་ཟེར་ཨིན་པས།
ཚོང་འབྲེལ་ཚུ་ ལེགས་ཤོམ་འགྱོ་ནི་དེ་གིས་ ན་གཞོན་སྡེ་ཚན་གྱིས་ ཚོང་འབྲེལ་གོ་སྐབས་དང་བརྡ་དོན་ལྟེ་བ་ལས་ སྐྱིན་འགྲུལ་ལེན་ཡོད་མི་ལུ་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༥༥,༠༠༠ རེ་ བཏབ་ནི་ཡོད་མི་དེ་ ག་དེ་སྦེ་ བཏབ་ཚུགས་ག་ཟེར་བའི་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།
ད་རེས་ནངས་པར་ ན་གཞོན་ཚུ་ལུ་ དངུལ་ཕོགས་ཡང་ སྤྲོད་མ་ཚུགས་པའི་གནས་སྟངས་ནང་ ལྷོད་དེ་ཡོད་ཟེར་ ན་གཞོན་ཚུ་གིས་ སླབ་ཨིན་པས།
དེ་མ་ཚད་ ཁོང་གིས་ ཧེ་མ་བཟུམ་སྦེ་ འཕྲུལ་ཆས་ག་ར་ ཆ་ཚང་སྦེ་ ཉོ་སྒྲུབ་འབད་ཚུགས་ནི་ལུ་ ལཱ་ཁག་གཏང་ནི་མས་ཟེར་ཨིན་པས།
ན་གཞོན་ཚུ་གིས་ སླབ་མིའི་ནང་ ཁོང་གིས་ ལཱ་ཚུ་ལེགས་ཤོམ་སྦེ་འགྱོ་བའི་སྐབས་ བར་ན་ལས་ དེ་བཟུམ་མའི་ མེ་རྐྱེན་བྱུང་མི་དེ་ བཟོད་མི་ཚུགས་པས་ཟེར་ ཨིན་པས།
མེ་རྐྱེན་དེ་ གློག་མེ་ལུ་བརྟེན་བྱུང་ཡོད་པའི་དོགས་པ་ཡོད་རུང་ མེ་བསད་མི་ཚུ་ཡང་ ལྷོད་མ་ཚུགསཔ་ལས་ འཕྲུལ་ཆས་ཕུད་རྡོག་གཅིག་ཡང་ བཏོན་མ་ཚུགས་ཟེར་ཨིན་པས།
བཀྲིས་དབང་མོ་གིས་ སླབ་མིའི་ནང་ དྲོ་པའི་ཆུ་ཚོད་༣ དེ་ཅིག་ཁར་ མེ་རྐྱེན་བྱུང་སར་མཐོང་སྟེ་ དེ་འཕྲོ་ལས་ ཁྲིམས་སྲུང་འགག་པའི་ མེ་བསད་སྡེ་ཚན་ལུ་ བརྒྱུད་འཕྲིན་བཏང་རུང་ ཐིམ་ཕུག་ལུ་ཡོད་མི་ ཁྲིམས་སྲུང་འགག་སྡེ་ནང་ མཐུད་ནི་དེ་གིས་ གཞལམ་སྒང་གི་མེ་བསད་སྡེ་ཚན་དང་གཅིག་ཁར་ འབྲེལ་བ་འཐབ་ནི་ལུ་ དུས་ཚོད་འགོར་ནི་དེ་གིས་ མེ་བསད་འཕྲུལ་ཆས་ལྷོདཔ་ད་ ག་ར་ འཚིགས་ཚར་ཡི་ཟེར་ཨིན་པས།
ཨིན་རུང་ ན་གཞོན་ཚུ་གིས་ ད་ལས་ཕར་ འཕྲུལ་ཆས་ག་ཅི་ཉོ་རུང་ ཉེན་བཅོལ་འབད་དགོཔ་དེ་ གལ་ཆེཝ་སྦེ་ མཐོང་ཡི་ཟེར་བཤད་པའི་གནས་ཚུལ།

མགོ་གླིང་ལས་ བཀྲིས་བསྟན་འཛིན།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *