མེ་རྐྱེན་གྱི་ འཚིགས་ཤུལ།

མེ་རྐྱེན་ནང་ སྐྱེས་ལོ་༣ ལང་མི་བུཚ་ཅིག་ འཚིགས་ཡོདཔ།

༉ སྤྱི་ཟླ་༡༢ པའི་ཚེས་༥ ལུ་ བུམ་ཐང་ སྟང་རྒེད་འོག་ རྟ་མགྲིན་སྒང་ལུ་ ཐོག་ཚད་༢ འབད་མི་ རང་ལུགས་ཀྱི་ཁྱིམ་ཅིག་ མེ་གིས་འཚིགས་པའི་རྐྱེན་ངན་ནང་ སྐྱེས་ལོ་༣ ལང་མི་བུཚ་ཅིག་ འཚིགས་ཡོདཔ་ཨིན་པས།
མེ་རྐྱེན་བྱུང་བའི་སྐབས་ ཨ་ལོའི་ཕམ་ཚུ་ ཕྱི་ཁར་ལཱ་འབད་བར་སོང་ཡོདཔ་ད་ བུཚ་དེ་ སྐྱེས་ལོ་༧༤ ལང་མི་ ཨང་རྒས་དང་གཅིག་ཁར་ བཞག་ཡོདཔ་བཞིན་དུ་ ཨ་ལོ་དེ་ གཉིད་ཐལ་སྡོད་པའི་སྐབས་ ཨང་རྒས་ཀྱིས་ ཕྱི་ཁར་ལཱ་འབད་བར་སོང་ཡོདཔ་ལས་ སྲོག་སྐྱབས་འབད་མ་ཚུགས་པས།
སྟངས་རྒཔོ་ ཨྱོན་ཉི་མ་གིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་ལུ་ མེ་རྐྱེན་བྱུང་ཡོད་པའི་ སྙན་ཞུ་ཐོབ་པའི་ཤུལ་ དེ་འཕྲོ་ལས་ རྒེད་འོག་གི་ལས་བྱེདཔ་ཚུ་ ས་གནས་ནང་སོང་ཡི་ཟེར་ཨིནམ་ད་ ད་བསྒང་ལས་ ཁྱིམ་ག་ར་ མེ་གིས་ཁྱབ་སོ་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ གཡུས་ཁའི་ལྷ་ཁང་གུ་ གསེར་ཏོག་བཀལ་ནིའི་དོན་ལས་ གཡུས་ཁའི་ཕོ་སྐྱེས་ཆ་མཉམ་ དར་ཤིང་བཏོན་ནི་དང་ ཨམ་སྲུ་ཚུ་ ཞིང་ནང་རྩྭ་སྐམ་ནིའི་ལཱ་འབད་བའི་བསྒང་ཡོདཔ་ལས་ ཁྱིམ་ནང་ཨ་ལོ་དང་ རྒན་རྒས་ཙང་ཙ་ཨིན་ཟེར་ ཨིན་པས།
ཁྲིམས་སྲུང་འགག་པ་དང་ ས་གནས་ནང་གྱི་མི་ སློབ་ཕྲུག་ དེ་ལས་ རྒེད་འོག་གི་ལས་བྱེདཔ་ག་ར་གིས་ མཉམ་འབྲེལ་ཐོག་ལས་ མེ་བསད་ཡོདཔ་མ་ཚད་ མེ་འཕྱེལ་འགྱོ་ནི་ལས་ ཚད་འཛིན་འབད་ཚུགས་ཡོདཔ་ཨིན་པས།
བུམ་ཐང་ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་གྱིས་ བཤད་མིའི་ནང་ མེ་རྐྱེན་བྱུང་སིའི་ས་ཁོངས་དེ་ ཐག་རིང་བའི་ཁར་ སོ་ནམ་ཞིང་ལམ་ཨིནམ་ལས་ དུས་ཐོག་ལྷོད་མ་ཚུགས་པའི་ཁར་ ཨ་ལོ་དེ་ སྲོག་སྐྱབས་འབད་མ་ཚུགས་ཟེར་ཨིནམ་ད་ ཨིན་རུང་ ཉེ་འདབས་ལུ་ཡོད་མི་ ཁྱིམ་གུང་༡༣ ལུ་ མེ་འཕྱེལ་འགྱོ་ནི་ལས་ བཀག་ཚུགས་ཅི་ཟེར་ཨིན་པས།
ཁྲིམ་སྲུང་འགག་སྡེ་ལུ་ མེ་རྐྱེན་ཤོལ་བའི་སྐོར་ལས་ ཉིན་མའི་ཆུ་ཚོད་༣ དང་ སྐར་མ་༥༠ ལུ་ སྙན་ཞུ་ཐོབ་ཅི་ཟེར་ཨིནམ་ད་ མེ་རྐྱེན་དེ་ ག་ཅི་ལུ་བརྟེན་བྱུང་ཡོདཔ་ཨིན་ན་ ཏན་ཏན་མ་ཤེསཔ་ལས་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ཨིན་པས།
རྐྱེན་ངན་བྱུང་བའི་སྐབས་ ཨང་རྒས་མོ་ར་ ལོ་ན་རྒས་རུང་ ཨ་ལོའི་ཚ་གྱང་ལུ་བརྟེན་ སྲོག་སྐྱབས་འབད་ནིའི་ དཔའ་བཅམ་པའི་སྐབས་ རྨ་སྐྱོན་དུམ་གྲ་རེ་ བྱུང་ཡོདཔ་ཨིན་པས།
རྫོང་ཁག་སྐྱིད་སྡུག་ཡིག་ཚང་གི་ཁ་ཐུག་ལས་ ཉམས་རྒུད་པའི་བཟའ་ཚང་ལུ་ སེམས་གསོ་དངུལ་ཀྲམ་༢༠,༠༠༠ དང་ རྒེད་འོག་བདག་སྐྱོང་ཁ་ཐུག་ལས་ དགོས་མཁོའི་ཅ་ཆས་སུ་ གྲོགས་རམ་འབད་ཡོད་པའི་གནས་ཚུལ།

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *