༉ བཀྲིས་སྒང་ མེ་རག་ལུ་ ཨེ་ཏོག་མེ་ཏོག་གི་རིགས་ཅིག་ལུ་ ནད་ཟུན་ཏེ་ སྐམ་འགྱོ་དོ་ཡོདཔ་ལས་ ས་གནས་ཀྱི་མི་ཚུ་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།
ཚན་རིག་ཐོག་ལས་ ཀི་སང་གའི་ཟེར་སླབ་མི་ ཨེ་ཏོག་མེ་ཏོག་གི་རིགས་དེ་ ཕྱེམ་ལ་འབུབ་གིས་ ཟ་ནི་དེ་གིས་ ཁ་དོག་རྒྱ་སྨུག་ལུ་གྱུར་ཏེ་ སྐམ་འགྱོ་དོ་ཡོདཔ་ད་ ས་གནས་ཀྱི་མི་ཚུ་ ཚ་གྱང་ལང་མི་དེ་ཡང་ ད་རེས་ འགོ་དང་པ་ ཐོན་ནི་དེ་གིས་ཨིན་པས།
སོ་ནམ་པ་ ཀརྨ་རྡོ་རྗེ་གིས་ སླབ་མིའི་ནང་ ཕྱེམ་ལ་འབུབ་ཀྱིས་ ཨེ་ཏོག་མེ་ཏོག་ལུ་ གནོད་སྐྱོན་རྐྱབ་མི་དེ་ ག་ཅི་ལུ་བརྟེན་ཨིན་ན་ ཧ་གོ་མ་ཚུགསཔ་མ་ཚད་ རྣམ་རྟོག་ལང་དགོཔ་ཐོནམ་མས་ཟེར་ཨིན་པས།
ཨེ་ཏོག་མེ་ཏོག་ ཀི་སང་གའི་དེ་ རྒྱལ་ཁབ་ནང་ དཀོན་དྲགས་ཅན་གྱི་ མེ་ཏོག་གི་ རིགས་ཅིག་ཨིནམ་ད་ མེ་ཏོག་དེ་ རྒྱ་མཚོའི་གནས་ཚད་ལས་ མཐོ་ཚད་མི་ཊར་༢,༦༠༠ དང་༣,༤༠༠ གི་བར་ན་ སྐྱེས་དོ་ཡོདཔ་ད་ མེ་ཏོག་དེ་ མེ་རག་གཡུས་ཚན་གྱི་དོན་ལུ་ ཁག་ཆེ་ཏོག་ཏོ་ཅིག་ ཨིན་མི་དེ་ཡང་ འདབ་མ་དེ་གིས་ མར་དང་དར་ཚིལ་ཚུ་ སྤུར་ནི་ལུ་ ཕན་ཐོགས་ཡོད་ནི་དེ་གིས་ཨིན་པས།
གཡུས་མི་ཚུ་གིས་ ཨེ་ཏོག་མེ་ཏོག་ལུ་ ལྷ་ཤིང་ཟེར་ སླབ་དོ་ཡོདཔ་མ་ཚད་ མེ་ཏོག་དེ་ གཞན་དང་མ་འདྲཝ་ཅིག་སྦེ་ བརྩི་དོ་ཡོདཔ་ད་ མི་ཚུ་གིས་འབད་བ་ཅིན་ མེ་ཏོག་སྐམ་འགྱོ་མི་དེ་ རྟགས་མཚན་ངན་པ་ཅིག་ཨིན་པའི་ བརྡ་མཚོན་སྟོནམ་མས་ཟེར་ཨིན་པས།
མེ་རག་རྒཔོ་ བླམ་རིན་ཆེན་གྱིས་ སླབ་མིའི་ནང་ མེ་ཏོག་སྐམ་འགྱོཝ་ད་ ཚ་གྱང་ལང་དགོཔ་ མི་འཐོངམ་མས་ཟེར་ཨིནམ་ད་ དེ་ཡང་ མེ་ཏོག་དེ་ མིག་ཁར་མཛེས་ཏོག་ཏོ་ཅིག་ལས་བརྒལ་ ཕན་ཐོགས་ག་ནི་ཡང་མེད་ཟེར་ཨིནམ་ད་ དེ་ཡང་ ཧེ་མ་ གྱིབ་ཤོག་ཚུ་མེད་པའི་སྐབས་ མེ་ཏོག་གི་འདབ་མ་དེ་ མར་དང་དར་ཚིལ་སྤུར་ནི་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ད་རེས་ ལག་ལེན་འཐབ་ནི་ མེད་ཟེར་ཨིན་པས།
དེ་གིས་ ཧེང་སྐལ་ར་ རྩྭ་འབྲོག་ཚུ་ནང་སྐྱེས་ཏེ་ རྩྭ་གི་རིགས་ཚུ་ མེདཔ་བཏང་དོ་ཡོདཔ་ད་ མེ་ཏོག་དེ་ སྐམ་འགྱོ་བའི་སྐབས་ དེའི་ས་ཁོངས་ནང་ རྩྭ་ལེགས་ཤོམ་སྦེ་ སྐྱེས་ནི་དེ་གིས་ ནོར་སེམས་ཅན་ལུ་ ཕན་ཐོགས་ནི་མས་ཟེར་ཨིན་པས།
དེའི་སྐོར་ལས་ ཕོངས་མེད་ལུ་ཡོད་པའི་ སག་སྟེང་རི་དྭགས་སྲུང་སྐྱོབ་གླིང་ཁའི་ འགོ་དཔོན་ཚུ་ལུ་ དྲིས་བའི་སྐབས་ དེའི་སྐོར་ལས་ སླབ་དགོ་པ་ཅིན་ ནགས་ཚལ་ལས་ཁུངས་ཀྱི་ མདོ་ཆེན་ལས་ གནང་བ་ལེན་དགོ་ཟེར་སླབ་པའི་ཤུལ་ལུ་ མདོ་ཆེན་ལས་ ངག་བརྗོད་ཐོག་ལས་ གནང་བ་ཞུ་རུང་ ཤུལ་ལས་ གླིང་ཁའི་འཛིན་སྐྱོང་པ་གིས་ ངག་བརྗོད་ཐོག་ལས་མེན་པར་ ཡིག་ཐོག་ལུ་ གནང་བ་དགོ་ཟེར་སླབ་སྟེ་ ག་ནི་ཡང་ སླབ་མ་བཏུབ་ནི་དེ་གིས་ མེ་ཏོག་སྐམ་འགྱོ་བའི་སྐོར་ལས་ རྒྱུ་རྐྱེན་ཧ་གོ་མ་ཚུགས།
མ་གཞི་ ཀུན་གསལ་གྱིས་ གོ་དོ་བཟུམ་འབད་བ་ཅིན་ མེ་ཏོག་སྐམ་འགྱོ་བའི་ རྒྱུ་རྐྱེན་དེ་ དུས་ཅི་ སྤྱི་ཟླ་༥ པའི་ནང་ ངོས་འཛིན་འབད་བའི་ཤུལ་ལས་ ད་ལྟོ་ ལྟ་ཞིབ་ཚུ་ འབད་བའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།