མེ་རག་ལུ་ མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་ ཡོངས་ཚང་སྦེ་ རྐྱབ་མི་ཚུགས་ནི།

དེ་ཡང་ ནོར་རྫིཔ་ཚུ་ རང་སོའི་ནོར་སེམས་ཅན་བདའ་སྟེ་ རི་ཁ་ལས་ཕར་ གནས་སྤོ་འགྱོ་ནི་དེ་གིས་ཨིན་པས།

༉ འབྲུག་གི་མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་ལན་ཐེངས་༢ པ་ རྐྱབ་ནི་དེ་ ད་རིས་ལས་ འགོ་བཙུགསཔ་ཨིན་རུང་ བཀྲིས་སྒང་རྫོང་ཁག་གི་ བྱང་ཕྱོགས་རྒེད་འོག་ མེ་རག་ལུ་ གྲངས་རྩིས་རྐྱབ་མི་ཚུ་ལུ་ གདོང་ལེན་སྦོམ་བྱུང་སྟེ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༥ པའི་ཚེས་༢༨ དང་༢༩ ལུ་ ཉིན་གྲངས་༢ ཀྱི་རིང་ གནས་སྡུད་ཚུ་ དུས་མཐུན་བཟོ་བའི་སྐབས་ མེ་རག་རྒེད་འོག་ནང་ ཁྱིམ་གུང་མང་ཤོས་ར་ སྟོངམ་བཞག་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ད་ ས་ཁ་མཐོ་སའི་ མི་སེར་ཚུ་ རང་སོའི་ནོར་སེམས་ཅན་ཚུ་དང་གཅིག་ཁར་ ས་གནས་ཁག་སོ་སོའི་ ནོར་བྱང་ས་ཚུ་ནང་ སོང་སྟེ་ཡོདཔ་ཨིན་པས།
མེ་རག་གི་དམངས་མི་ ཕུར་པ་གིས་ བཤད་མིའི་ནང་ ནོར་དང་གཅིག་ཁར་ གནས་སྤོ་སོང་མི་ ནོར་རྫིཔ་ཚུ་གིས་ མི་རྩིས་དེ་ ཁོང་ར་མི་སེར་ཚུ་ གཡུས་ཚན་ནང་མེད་རུང་ ལ་མཐོ་ས་ལས་ཡར་ ཁ་གཏོར་ཏེ་ཡོད་མི་ ནོར་བྱང་ས་ཚུ་ནང་ རྐྱབ་འོང་ཟེར་ མནོ་སྡོད་ཡོདཔ་ལས་ གོ་བ་བརྡ་ལོག་བྱུང་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གྲངས་རྩིས་རྐྱབ་པའི་སྐབས་ མི་སེར་ཚུ་ རང་སོའི་གཡུས་ཁར་ འོང་མི་དགོ་ཟེར་ སླབ་མི་ལུ་བརྟེན་ ནོར་རྫིཔ་མང་ཤོས་ཅིག་ར་ ཐོ་རྩིས་རྐྱབ་མི་ཚུ་ ནོར་བྱང་ས་ཚུ་ནང་ འོང་ནི་གི་ རེ་བ་བསྐྱེད་སྡོད་ནུག་ཟེར་ཨིན་པས།
གྲངས་རྩིས་རྐྱབ་ནིའི་དོན་ལུ་ གལ་ཆེ་ཤོས་ཅིག་ཨིན་མི་ ཁྱིམ་གུང་སྟོངམ་བཞག་མི་ཚུ་ ངོས་འཛིན་འབད་བའི་ཤུལ་ལས་ རྫོང་བདག་དང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ མི་སེར་ཚུ་ ནོར་བྱང་ས་ལས་ རང་སོའི་གཡུས་ཚན་ནང་ ལོག་འོང་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས།
དེ་འབདཝ་ད་ ལོག་འབོ་ནི་དེ་ འཇམ་ཏོང་ཏོ་ཅིག་མིན་འདུག་ཟེར་ དམངས་མི་ཕུར་པ་གིས་ བཤད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཁོ་དང་ རྒཔོ་ དེ་ལས་ འབྲེལ་ཡོད་ཚོགས་པ་ཚུ་གིས་ བརྒྱུན་འཕྲིན་ཐོག་ལས་ བདའ་ཟུན་མི་ཚུ་ ལོག་འབོ་ཡོད་རུང་ འགྲུལ་འཕྲིན་གྱི་ ཡོངས་འབྲེལ་མེད་མི་ རྒྱ་གར་ཨ་རུ་ན་ཅཱལ་པར་དེཤ་གི་ ས་མཚམས་སྦོ་ལོགས་ཁའི་ས་གནས་ ཁི་ལི་ཕུ་བཟུམ་ནང་ སྡོད་མི་ཚུ་ གྲངས་རྩིས་རྐྱབ་མི་ཚུགས་ནི་བཟུམ་ཡོདཔ་ཨིན་པས།
མེ་རག་ལུ་ གྲངས་རྩིས་ལྟ་བཀོདཔ་ སངས་རྒྱས་དབང་ཕྱུག་གིས་ སླབ་མིའི་ནང་ གྲངས་རྩིས་རྐྱབ་མི་ཚུ་ ནོར་བྱང་ས་རེ་རེ་བཞིན་དུ་ནང་ འགྱོ་ནི་གི་ འོས་འབབ་མེད་ཟེར་ཨིནམ་ད་ གལ་སྲིད་ གྲངས་རྩིས་རྐྱབ་ནིའི་དོན་ལུ་ ནོར་བྱང་ས་ཚུ་ནང་ འགྱོ་དགོ་པ་ཅིན་ གྲངས་རྩིས་རྐྱབ་མི་ ཐེབས་བཙུགས་དགོཔ་མ་ཚད་ ནོར་བྱང་ས་ག་ཏེ་ལུ་ཡོདཔ་ཨིན་ན་ འབྱོགཔ་ཚུ་གིས་མ་གཏོགས་ གཞན་གྱིས་མི་ཤེས་ནི་ཨིནམ་ལས་ ནོར་བྱང་ས་རེ་རེ་བཞིན་དུ་ འཚོལ་ཞིབ་འབདཝ་ད་ དུས་ཚོད་ཟླཝ་ལས་བཅད་ནེ་ འགོར་འོང་ཟེར་ ཁོ་གིས་ བཤདཔ་ཨིན་པས།
བཀྲིས་སྒང་གི་རྫོང་བདག་ ཆོས་སྐྱིད་རྒྱལ་མཚན་གྱིས་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ལུ་ གྲངས་རྩིས་རྐྱབ་པའི་སྐབས་ ཁྱིམ་གུང་རེ་ལས་ མི་ངོ་རེ་ ག་དེ་སྦེ་ར་ཨིན་རུང་དགོཔ་སྦེ་ སླབ་ཡོདཔ་ད་ གྲོང་གསེབ་མི་སེར་མང་ཤོས་ར་ ནོར་བྱང་ས་ལས་ ལོག་འོང་ནི་ འགོ་བཙུགས་ཡོདཔ་མ་ཚད་ ལ་ལོ་ཅིག་ མེ་རག་ལུ་ ལྷོད་ཡོད་པའི་ སྙན་ཞུ་ཐོབ་ཅི་ཟེར་ རྫོང་བདག་གིས་ བཤདཔ་ཨིན་པས།
དམངས་མི་ཕུར་པ་གིས་འབད་བ་ཅིན་ ཁ་ཙ་ཕྱི་རུའི་ཆུ་ཚོད་༦ ལུ་ ཁྱིམ་གུང་༡༥ དེ་ཅིག་གི་ མི་སེར་ཚུ་ གཡུས་ཚན་ནང་ ལྷོད་ཡོདཔ་བཞིན་དུ་ མི་སེར་༢༠ དེ་ཅིག་ ནངས་པ་ཉིན་མ་ཁམས་ཅིག་ཁར་ ལྷོད་ནི་གི་ རེ་བ་ཡོད་ཟེར་ཨིན་པས།
རྒེད་འོག་གི་ གནས་ཐོ་དང་འཁྲིལཝ་ད་ མེ་རག་ལུ་ ཁྱིམ་གུང་༣༠༡ དང་ མི་སེར་༢,༢༦༠ དེ་ཅིག་ཡོདཔ་ཨིན་པས།
བཀྲིས་སྒང་རྫོང་ཁག་ནང་ མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་རྐྱབ་ནིའི་དོན་ལུ་ ཐོ་རྩིས་རྐྱབ་མི་༥༨༨ དང་ ལྟ་བཀོདཔ་༨༢ ཀྱིས་ གྲངས་རྩིས་ས་ཁོངས་༨༢ འགྱོ་ནི་ཨིན་པས།
རྫོང་ཁག་དེ་ནང་ ཁྱིམ་གུང་༩,༣༦༤ དང་ མི་སེར་༧༤,༤༤༡ ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

ཀྲོང་གསར་ལུ་ཆརཔ་གིས་ འབྱ་བརྔ་མི་ཚུ་ལུ་ གནོད་པ་རྐྱབ་ཡོདཔ།

༉ དུས་ཚོད་ འ་ནེམ་གཅིག་ཁར་ ཀྲོང་གསར་གྱི་ ས་གནས་མང་ཤོས་ནང་ འབྱ་བསྡུ་ནིའི་ དུས་ཚོད་ཨིན་མི་དང་བསྟུན་ གཡུས་མི་མང་ཤོས་ཀྱིས་ འབྱ་རྔ་ཡོདཔ་བཞིན་དུ་ སྤྱི་ཟླ་༡༠ པའི་ཚེས་༡༦ གི་ཕྱི་རུ་ ཆརཔ་རྐྱབ་སྟེ་ འབྱ་བརྔ་མི་མང་ཤོས་ མེདཔ་གཏང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *