མེ་རག་གཡུས་ཚན།

མེ་རག་དང་ སག་སྟེང་ལུ་ མི་དང་རི་དྭགས་སེམས་ཅན་བར་ནའི་བྲེལ་ཟིང་ ཁྱབ་ཆེ་དྲགས་སྦེ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་འབྲུག་སྐྱེ་ལྡན་གནས་སྟངས་ཚོགས་སྡེའི་ ལོ་བསྟར་སྙན་ཞུའི་ གྲོས་འཛོམས་ཐེངས་༥ པའི་ནང་ མེ་རག་དང་སག་སྟེང་ལུ་ མི་དང་རི་དྭགས་སེམས་ཅན་བར་ནའི་བྲེལ་ཟིང་ བརྒྱ་ཆ་༤༨.༤༨ དེ་ཅིག་ལུ་ ལྷོད་ཡོད་པའི་སྐོར་ལས་ གསལ་བཤད་འབད་ཡི།
དེ་ཡང་ མེ་རག་དང་སག་སྟེང་དེ་ རི་དྭགས་སྲུང་སྐྱོབ་ཀྱི་ ས་ཁོངས་ནང་ཚུད་ནི་དེ་གིས་ཨིན་པའི་ཁར་ མི་སེར་མང་ཤོས་ར་ ལ་ནོར་ལུ་བརྟེན་སྡོད་པའི་ གནད་དོན་ལུ་བརྟེན་ཏེ་ ཨིན་པས།
སག་སྟེང་རི་དྭགས་སྲུང་སྐྱོབ་ཀྱི་ གླིང་འཛིན་འགོ་དཔོན་ བསོད་ནམས་དབང་རྒྱལ་གྱིས་ སླབ་མིའི་ནང་ མེ་རག་དང་སག་སྟེང་གི་ ས་གནས་ཚུ་ནང་ མི་དང་རི་དྭགས་སེམས་ཅན་གྱི་བར་ནའི་ བྲེལ་ཟིང་དེ་ ཁྱབ་ཆེ་དྲགས་སྦེ་ར་འདུག་ཟེར་ཨིནམ་ད་ དེ་ཡང་ ས་གནས་ཇོན་ཁར་སྤྱི་འོག་དེ་ སག་སྟེང་རི་དྭགས་སྲུང་སྐྱོབ་ཀྱི་ ས་གནས་ནང་ཚུད་ནི་དེ་གིས་ ཨིན་པས།
ཁོ་གིས་ ཞིབ་འཚོལ་དང་འཁྲིལ་བ་ཅིན་ མེ་རག་དང་སག་སྟེང་ལུ་ སྐམ་ཞིང་ཨེ་ཀར་༡.༨ དང་ རྩྭ་འབྲོག་ཨེ་ཀར་༤༧༨.༡ དེ་ཅིག་ མི་སེར་ཚུ་གིས་ བདག་འཛིན་འཐབ་སྟེ་འདུག་ཟེར་ཨིནམ་ད་ མི་སེར་མང་ཤོས་ཅིག་ ལ་ནོར་ལུ་བརྟེན་ཏེ་ སྡོད་ནུག་ཟེར་ཨིན་པས།
གླིང་འཛིན་འགོ་དཔོན་གྱིས་ སླབ་མིའི་ནང་ དཔྱ་སྙོམས་ལུ་ མེ་རག་གི་ཁྱིམ་གུང་པ་༡༦ དེ་ཅིག་གིས་ འཚོ་བ་ལ་ནོར་ལུ་བརྟེན་ཏེ་ འདུག་ཟེར་ཨིནམ་ད་ སག་སྟེང་ལུ་འབད་བ་ཅིན་ ཁྱིམ་གུང་པ་༩ དེ་ཅིག་དང་ ཇོན་ཁར་འབད་བ་ཅིན་ ཁྱིམ་གུང་པ་༦ དེ་ཅིག་འདུག་ཟེར་ཨིན་པས།
མི་སེར་ཚུ་གིས་ ལ་ནོར་རྐྱངམ་གཅིག་མེན་པར་ སོ་ནམ་གྱི་ལཱ་ཡང་འབད་དེ་འདུག་ཟེར་ གླིང་འཛིན་འགོ་དཔོན་གྱིས་ བཤད་པའི་ཁར་ ལོ་ཐོག་ཡང་ གེ་ཟ་དང་ ཀེ་བ་ དེ་ལས་ ཚོད་བསྲེ་གི་རིགས་ཚུ་བཙུགས་ཏེ་འདུག་ཟེར་ཨིནམ་ད་ ལོ་ཐོག་མང་ཤོས་ཅིག་ རི་དྭགས་སེམས་ཅན་ལུ་བརྟེན་ བསྡུ་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
སྙན་ཞུ་ནང་ ཁྱིམ་གུང་པ་༢༦ དེ་ཅིག་གིས་ དཔྱ་སྙོམས་ལུ་ ཀེ་བ་ཀེ་ཇི་༡༦.༡༥ དེ་ཅིག་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་ཏེ་འདུག་ཟེར་ཨིནམ་ད་ གེ་ཟ་འབད་བ་ཅིན་ ཁྱིམ་གུང་པ་༨༡ གི་གེ་ཟ་ ཀེ་ཇི་༡༨༣.༧༧ དེ་ཅིག་ རིགས་དྭགས་སེམས་ཅན་ཚུ་ལུ་བརྟེན་ བསྡུ་མ་ཚུགས་པས་ཟེར་ཨིན་པས།
བསོད་ནམས་དབང་རྒྱལ་གྱིས་ སླབ་མིའི་ནང་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་མི་ངོ་མ་ར་ བྱི་ཐུར་དང་ རི་ཕག་ དེ་ལས་ དོམ་དང་སྤྱ་ཚུ་ཨིན་པའི་ སྙན་ཞུ་འདུག་ཟེར་ཨིནམ་ད་ དཔྱ་སྙོམས་ལུ་ མི་སེར་ཚུ་གིས་ རི་དྭགས་སེམས་ཅན་ཚུ་ལས་ ལོ་ཐོག་སྲུང་སྟེ་ ཞག་༣༠ལས་༡༥༠འི་བར་ན་ སྡོད་དོ་ཡོད་པའི་ སྙན་ཞུ་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་ ལོ་ཐོག་བསྲུང་ནིའི་དོན་ལུ་ ཐབས་ཤེས་མ་འདྲཝ་བཏོན་སྟེ་འདུག་ཟེར་ཨིནམ་ད་ ས་སྟེང་གི་རི་དྭགས་སྲུང་སྐྱོབ་ས་ཁོངས་ཀྱིས་ཡང་ རྒྱབ་སྐྱོར་འབད་དེ་འདུག་ཟེར་ཨིན་པས།
ལོ་༥ འི་ནང་འཁོད་ལུ་ རི་དྭགས་སེམས་ཅན་ཚུ་གིས་ མཛོ་དང་ མཛོ་མོ་༤༥ དེ་ཅིག་ བསད་ཡོད་པའི་སྙན་ཞུ་ཡོདཔ་ད་ དེའི་ཤུལ་ལས་ གཡག་དང་ གྲོང་གསེབ་ཀྱི་ནོར་ཚུ་ལུ་ གནོདཔ་བཀལ་ནུག་ཟེར་ཨིནམ་ད་ གཞན་ཡང་ ལུག་དང་རྟ་ལ་སོགས་པ་ལུ་ གནོདཔ་བཀལ་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མེ་རག་དང་སག་སྟེང་གི་ མི་སེར་ཚུ་གིས་ ལོ་བསྟར་བཞིན་དུ་ ཁྱིམ་གུང་པ་རེ་རེ་གིས་ ལ་ནོར་ལུ་བརྟེན་ཏེ་ འོང་འབབ་དངུལ་ཀྲམ་༦༩,༤༠༡.༣༥ དེ་ཅིག་ བཟོ་ཚུགས་ཏེ་འདུག་ཟེར་ཨིནམ་ད་ མཐོ་ཤོས་མེ་རག་གི་མི་སེར་ཚུ་གིས་ འོང་འབབ་དངུལ་ཀྲམ༌༡༠༡,༣༧༢.༨༠དང་ སག་སྟེང་གི་ འོང་འབབ་དངུལ་ཀྲམ་༥༦,༨༨༠.༤༦ དེའི་ཤུལ་ལས་ར་ ཇོན་ཁར་མི་སེར་ཚུ་གིས་ འོང་འབབ་དངུལ་ཀྲམ་༡༩,༥༧༥ དེ་ཅིག་ བཟོ་ཚུགས་པས་ཟེར་ཨིན་པས།
ཞིབ་འཚོལ་དེ་ཡང་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་མིའི་ གནད་དོན་ག་ཅི་ཨིན་ན་ ཞིབ་འཇུག་འབད་ནིའི་དོན་ལུ་ཨིནམ་མ་ཚད་ རི་དྭགས་སེམས་ཅན་ཚུ་འཁྱམས་ས་ ག་བཟུམ་དགོཔ་འདུག་ག་ བལྟ་ནིའི་དོན་ལུ་ ཞིབ་འཚོལ་འབད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *