༉ འཕྲལ་ཁམས་ཅིག་ཁར་ ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་གོང་མ་དང་ ནོར་བུ་སློབ་གྲྭ་ཆེ་བའི་ སློབ་རིམ་༡༢ པའི་སློབ་ཕྲུག་ པདྨ་ཆོས་སྐྱིད་དང་ རྟ་མགྲིན་དབང་ཕྱུག་གིས་ ས་ག་ཟླ་བའི་ དུས་ཆེན་ཁྱད་པར་ཅན་འདི་ནང་ དགེ་བ་སྦོམ་ཅིག་ བསྒྲུབས་ཚུགས་མི་དེ་ཡང་ ཁོང་༢ ཀྱིས་ དངུལ་ཀྲམ་༤༩,༠༠༠ ཡོད་མི་ གྱིབ་བེག་ཅིག་ མཐོང་མི་དེ་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་ལུ་ རྩིས་སྤྲོད་ནི་དེ་གིས་ཨིན་མས།
དངུལ་ཀྲམ་སྟོང་ཕྲག་༤༩ དེ་ སློབ་ཕྲུག་ཚུ་གི་དོན་ལུ་ འབོར་ཆེ་ཏོག་ཏོ་ཅིག་ཨིན་རུང་ སློབ་ཕྲུག་ན་གཞོན་༢ ཀྱིས་ དངུལ་བྱང་སྟོར་ཤོར་མི་ལུ་ རྩིས་སྤྲོད་མི་དེ་གིས་ ང་བཅས་རའི་ ན་གཞོན་ཚུ་གི་ བསམ་པ་སེམས་བསྐྱེད་ལེགས་ཤོམ་དང་ ཀུན་སློང་བཟང་པོ་ཡོད་པའི་ བརྡ་མཚོན་སྟོནམ་ལས་ ང་བཅས་ག་ར་ དཔའ་ཉམས་དང་བཅས་ ངལ་རངས་དགོ་པའི་ གཞི་གནད་ཅིག་ལུ་གྱུར་ཡི།
ན་གཞོན་༢ ཀྱིས་ དགེ་བའི་ལཱ་སྦོམ་ཅིག་ འབད་ནུག་ཟེར་ སླབ་དགོ་མི་དེ་ཡང་ ད་རིས་ཀྱི་ཟླཝ་འདི་ སྟོན་པའི་དུས་ཆེན་ཁྱད་པར་ཅན་ཅིག་ཨིནམ་ལས་ འདི་གི་སྐབས་ལུ་ དགེ་སྡིག་གི་ ལཱ་བྱ་ག་ཅི་ར་འབད་རུང་ འགྱུར་བ་འབུམ་འགྱུར་དུ་ཡོདཔ་སྦེ་ གསུངས་ནུག།
དཔེར་ན་ རང་གིས་ མི་གཞན་ཅིག་ལུ་ ཟས་ཁམ་རྡོག་གཅིག་བྱིན་རུང་ ཁམ་རྡོག་འབུམ་ཕྲག་སྦེ་བྱིན་པའི་ ཕན་ཡོན་དང་ སྡིག་པ་སྣ་གཅིག་བསགས་རུང་ འབུམ་ཕྲག་སྦེ་བསགས་པའི་ ཉེས་དམིགས་ཚུ་ཡོདཔ་སྦེ་ ནང་པའི་ཆོས་ནང་ གསུངས་བཞག་ནུག།
ལོ་ངོ་༧ གྱི་ཧེ་མ་ སྤྱི་ལོ་༢༠༡༡ ལུ་ པདྨ་དགའ་ཚལ་ལས་ དེད་གཡོགཔ་ཅིག་ཨིན་མི་ བཀྲིས་ཟླ་བ་གིས་ཡང་ རྒྱལ་ཡོངས་ལུ་ མིག་དཔེ་སྟོན་མི་དེ་ཡང་ ཁོ་གིས་ སྤ་རོ་ལུ་ དངུལ་ཀྲམ་ས་ཡ་༩༠.༣༨ ཡོད་མི་ ལག་སྒྲོམ་ཅིག་ ཐོབ་མི་དེ་ ཚུལ་མཐུན་ཇོ་བདག་ལུ་ སྤྲོད་ཡོདཔ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དེད་གཡོགཔ་དེ་གི་ དྲང་སྤྱོད་དང་ ཀུན་སློང་བཟང་པོ་ཡོད་པའི་ ངོས་འཛིན་ལུ་ རྒྱལ་ཡོངས་གཟེངས་ཐོན་ དངུལ་གྱི་རྟགས་མ་གནང་ཡི།
འདི་བཟུམ་སྦེ་ གཞན་ལུ་ཕན་སེམས་དང་ སྙིང་རྗེ་བསྐྱེད་དེ་ བྱང་སྟོང་ཤོར་མི་ རྒྱུ་དངུལ་མཐོང་མི་ཚུ་ ཇོ་བདག་ལུ་ ལོག་སྤྲོད་མི་དེ་གིས་ འབྲུག་མི་ཚུ་ལུ་ བསམ་པ་སེམས་བསྐྱེད་དང་ ཀུན་སློང་ཀུན་སྤྱོད་ལེགས་ཤོམ་ཡོད་པའི་ གསལ་སྟོན་འབདཝ་བཞིན་དུ་ འདི་བཟུམ་མའི་ བརྩི་མཐོང་དང་ གཞི་རྩ་ཚུ་ འབྲུག་མི་ག་ར་གི་ རྒྱུད་ལུ་ཡོདཔ་དང་ བདག་སྲུང་འབད་ནི་དེ་གལ་ཆེ།
བརྩི་མཐོང་དང་ དྲང་སྤྱོད་ ཀུན་སློང་བཟང་པོ་ཚུ་ ཕམ་དང་ སློབ་དཔོན་ ལས་གཡོགཔ་ སྤྱི་གཡོགཔ་ སྲིད་དོན་པ་ཚུ་གིས་ དང་ལེན་ཐོག་ རང་སོའི་ཨ་ལོ་དང་ སློབ་ཕྲུག་ རང་གི་འོག་ལུ་ ལཱ་འབད་མི་དང་ ཚོགས་རྒྱན་སྐྱུར་མི་ཚུ་གི་ རྒྱུད་ལུ་བཙུགས་དགོ།
ད་རེས་ ང་བཅས་རའི་ ན་གཞོན་༢ ཀྱིས་ མིག་དཔེ་བཟང་པོ་སྟོན་མི་ལུ་ གཞི་བཞག་སྟེ་ འབྲུག་གི་དམངས་གཙོའི་རིང་ལུགས་ཡང་ དྲང་བདེན་དང་ དྲང་སྤྱོད་ཀྱི་ གཞི་རྩ་ཚུ་ལུ་ གཙོ་བོར་བཏོན་ཏེ་ མ་འོངས་པའི་དོན་ལུ་ གཞི་འགྱམ་སྒྲིང་སྒྲི་བཟོ་དགོ། འཛམ་གླིང་རྒྱལ་ཁབ་ག་ཏེ་ར་འབད་རུང་ དམངས་གཙོའི་རིང་ལུགས་ཟེར་བའི་བསྒང་ལས་ ཤོབ་སླབ་ནི་དང་ གཡོ་སྒྱུ་ལག་ལེན་ མགུ་སྐོར་རྐྱབ་ནི་ལ་སོགས་པའི་ཐོག་ལས་ མི་སེར་ལུ་ བརྡབ་གསིག་རྐྱབ་ཨིནམ་སྦེ་ གོ་བ་ལེན་པའི་ ནམ་དུས་ལུ་ ང་བཅས་ཀྱིས་ ང་བཅས་རའི་ དམངས་གཙོའི་རིང་ལུགས་འདི་ འཛམ་གླིང་རྒྱལ་ཁབ་གཞན་དང་ མ་འདྲཝ་སྦེ་ བཟོ་ཚུགས་ནི་ཨིན་ན? ང་བཅས་རའི་ མི་སེར་ག་ར་ པདྨ་ཆོས་སྐྱིད་དང་ རྟ་མགྲིན་དབང་ཕྱུག་ བཀྲིས་ཟླ་བ་བཟུམ་ཡོད་པ་ཅིན་ ཁྱད་པར་བཟོ་ཚུགས།
མི་དབང་མངའ་བདག་རྒྱལ་པོ་ ཡབ་སྲས་རྣམ་གཉིས་ཀྱིས་ཡང་ འབྲུག་ཡུལ་གྱི་ མ་འོངས་པའི་དོན་ལུ་ ན་གཞོན་ཚུ་ ག་དེམ་ཅིག་ རྒྱལ་ཡོངས་ལུ་ ཁག་ཆེཝ་ཨིན་ནའི་སྐོར་ དྲན་གསལ་གནང་དང་གནང་བཞིན་དུ་ཡོདཔ་ད་ འབྲུག་མངའ་བདག་རྒྱལ་པོ་མཆོག་གིས་ སྤྱི་ལོ་༢༠༠༧ ལུ་ རྒྱལ་ཡོངས་དུས་ཆེན་གྱི་ གསུང་བཤད་ནང་ རྒྱལ་ཁབ་ཀྱི་ མ་འོངས་གནས་སྟངས་དེ་ ན་གཞོན་གྱི་ སྤུས་ཚད་ལུ་ རག་ལས་མི་ལུ་བརྟེན་ གཞུང་གི་འགན་ཁུར་རྩ་ཅན་དེ་ ན་གཞོན་ཚུ་ལུ་ ཡོན་ཏན་ལེགས་ཤོམ་བྱིན་ནི་དང་ མ་འོངས་པའི་དོན་ལས་ སྒྲིང་སྒྲི་དང་ ལྕོགས་གྲུབ་ཅན་གྱི་ དབུ་ཁྲིད་འབད་ཚུགསཔ་ བཟོ་ནི་དེ་ཨིན་ཟེར་ གསུངས་གནང་ཡི།
འདི་འབདཝ་ལས་ ད་རེས་ ན་གཞོན་ཚུ་གིས་ བློ་གཏད་དང་ ཡིད་ཆེས་ཡོད་པའི་ ཀུན་སློང་ཀུན་སྤྱོད་བཟང་པོ་སྟོན་ཐོག་ལས་ འབྲུག་མི་ཡོངས་ཀྱི་ རེ་འདོད་གྲུབ་ཚུགསཔ་སྦེ་ སྡོད་མི་དེ་ལུ་ ལེགས་སོ་དང་ ངལ་རངས་ཡོདཔ་བཞིན་དུ་ ང་བཅས་རའི་ མ་འོངས་གནས་སྟངས་འདི་ ན་གཞོན་ཚུ་གི་ལག་པར་ ཉེན་སྲུང་ཅན་དང་ བློ་བདེ་ཏོག་ཏོ་ཡོད་པའི་ སྔོན་དཔག་འབདཝ་མས་ཟེར་ ཞུ་ནི་ཨིན།
Check Also
ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།
༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …