ད་ལྟོ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ མི་སྡེའི་མཐུན་འབྲེལ་ སྤྱི་དོན་ངལ་འཚོ་ཁང།

མི་སྡེའི་མཐུན་འབྲེལ་བཟོ་ཐབས་ལུ་ སྤྱི་དོན་ངལ་འཚོ་ས་ཁོངས་ བཟོ་སྐྲུན་འབད་དོ་ཡོདཔ།

༉ ད་ཚུན་ བསམ་གྲུབ་ལྗོངས་མཁར་ལུ་ སྡོད་མི་ཚུ་གི་དོན་ལུ་ སྤྲོ་སྟོན་གྱི་ ལས་རིམ་དང་ ངལ་སངས་ཀྱི་ ས་ཁོངས་ཅིག་མེད་པའི་ དཀའ་ངལ་སྡོད་ཡོད་རུང་ ད་ལས་ཕར་ དཀའ་ངལ་དེ་ བསལ་ཚུགས་ནི་ཨིན་མི་དེ་ཡང་ ཁྲོམ་སྡེ་གིས་ མི་མང་རྩེད་ཐང་ནང་ སྤྱི་དོན་ངལ་སངས་ཀྱི་ ས་ཁོངས་བཟོ་སྐྲུན་འབད་བའི་བསྒང་ ཡོད་ནི་དེ་གིས་ཨིན་པས།
བསམ་གྲུབ་ལྗོངས་མཁར་ཁྲོམ་དཔོན་ ཀརྨ་ཤེས་རབ་སྟོབས་རྒྱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ལྟོ་ གནས་སྟངས་ནང་ བསམ་གྲུབ་ལྗོངས་མཁར་ལུ་སྡོད་མི་ ཞི་གཡོགཔ་དང་ ཚོང་པ་ལ་སོགས་པ་ཚུ་ འབྲེལ་བ་འཐབ་སའི་ ངལ་སངས་ལ་སོགས་པའི་ ས་ཁོངས་མེདཔ་ལས་ ཁྱིམ་ཚང་ཚུ་ཡང་ ངོ་ཤེས་མ་ཚུགས་པའི་ གནས་སྟངས་ནང་ འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་ཚུ་ འབྲེལ་བ་འཐབ་བཅུག་སྟེ་ གཅིག་གིས་གཅིག་ལུ་ ངོ་ཤེས་དགོཔ་དེ་ ཁག་ཆེ་མི་ལུ་བརྟེན་ མི་མང་རྩེད་ཐང་ནང་ སྤྱི་དོན་ངལ་སངས་བཟོ་སྐྲུན་འབད་མི་དེ་ཡང་ དེ་ཁའི་མི་ཚུ་ སྤྲོ་སྟོན་ལ་སོགས་པའི་ ལས་རིམ་ཚུ་ནང་ འབྲེལ་བ་འཐབ་སྟེ་ མི་སྡེའི་མཐུན་འབྲེལ་ བཟོ་ཐབས་ལུ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ངལ་སངས་བཟོ་སྐྲུན་གྱི་ གོ་རིམ་དང་པའི་ལཱ་ནང་ ཐོག་ཚད་༡ འབད་མི་ འཁྲབ་སྟེགས་དང་ མི་སྡོད་ས་ཚུ་ བཟོ་སྐྲུན་འབད་ཚར་ཡི་ཟེར་ཨིནམ་ད་ གོ་རིམ་༢ པའི་དོན་ལུ་ རིན་བསྡུར་འབད་ཚར་ཡོད་རུང་ ད་ལྟོ་ ཁག་འབགཔ་ལུ་ མ་སྤྲོད་པར་ ཡོད་ཟེར་ཨིན་པས།
གོ་རིམ་༢ པའི་ནང་ ར་བ་བསྒོར་ནི་དང་ མི་ལམ་ ས་ཆའི་མཛེས་བཀོད་བཟོ་ནི་ སྣུམ་འཁོར་བཞག་སར་ བཟོ་ནི་ལ་སོགས་པ་ཚུ་ཨིནམ་ལས་ སྣུམ་འཁོར་བཞག་སའི་ནང་ སྣུམ་འཁོར་༥༠ དེ་ཅིག་ ཤོངམ་སྦེ་བཟོ་ནིའི་ འཆར་གཞི་ཡོད་ཟེར་ཨིནམ་ད་ ངལ་སངས་དེ་ནང་ ཚོང་འབྲེལ་འགྲེམ་སྟོན་དང་མེ་ལ་ལ་སོགས་པ་ཚུ་ འགོ་འདྲེན་འཐབ་ནིའི་ ས་ཁོངས་ཚུ་ཡང་ ཡོད་ཟེར་ཨིན་པས།
ཁྲོམ་དཔོན་གྱིས་ སླབ་མིའི་ནང་ ཧེ་མར་ དངོས་མཐོང་ལ་སོགས་པའི་ སྤྲོ་སྟོན་དང་ གོ་བརྡ་ལས་རིམ་ཚུ་ གླ་འཁོར་བཞག་སའི་ནང་ འགོ་འདྲེན་འཐབ་དོ་ཡོདཔ་ལས་ གླ་འཁོར་ཚུ་ བཞག་ས་མེད་པའི་ དཀའ་ངལ་ཐོན་ནི་ཡོད་རུང་ ད་ལས་ཕར་ དེ་བཟུམ་མའི་ དཀའ་ངལ་ཚུ་ མི་འཐོན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཐིམ་ཕུག་ཆུ་ཚོད་འཁོར་ལོ་ལ་སོགས་པའི་ ངལ་སངས་ཀྱི་ ས་ཁོངས་ཚུ་ཡོད་རུང་ བསམ་གྲུབ་ལྗོངས་མཁར་ལུ་ བཟོ་སྐྲུན་འབད་མི་དེ་ རྒྱལ་ཁབ་ནང་ སྤྱི་དོན་ངལ་སངས་ས་ཁོངས་ འགོ་དང་པ་འོང་ཟེར་ཨིནམ་ད་ དེ་གི་དོན་ལུ་ གཞུང་གིས་ མ་དངུལ་དངུལ་ཀྲམ་ ས་ཡ་༨ ལྷགཔ་ཅིག་ བཏང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ངལ་སངས་ས་ཁོངས་དེ་ བསམ་གྲུབ་ལྗོངས་མཁར་ལུ་ སྡོད་མི་རྐྱངམ་གཅིག་ལུ་མེན་པར་ རྫོང་ཁག་གཞན་མི་ག་ར་འབད་རུང་ མི་མང་གི་དོན་ལུ་ དངོས་མཐོང་གི་ སྤྲོ་སྟོན་དང་ ཚོང་འབྲེལ་འགྲེམ་སྟོན་ མེ་ལ་ དེ་ལས་ མི་མང་གོ་བརྡའི་ ལས་རིམ་ལ་སོགས་པ་ཚུ་ འགོ་འདྲེན་འཐབ་པ་ཅིན་ གོ་སྐབས་བྱིན་ནི་ཟེར་ཨིན་པས།
ས་ཁོངས་དེ་ནང་ མཐུན་རྐྱེན་དེ་ཚུ་རྐྱངམ་གཅིག་མེན་པར་ བསམ་གྲུབ་ལྗོངས་མཁར་གྱི་ ཚོང་པ་ཅིག་གིས་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ མཆོད་རྟེན་ཅིག་ཡང་བཞེངས་ནིའི་ ཁས་ལེན་འབད་ཡོདཔ་ལས་ དེ་ཁར་འོང་མི་ཚུ་གི་དོན་ལུ་ སྡིག་སྤོང་དགེ་སྒྲུབ་ཀྱི་ གོ་སྐབས་ཚུ་ཡང་ཡོད་ཟེར་ ཁྲོམ་དཔོན་ཀརྨ་ཤེས་རབ་སྟོབས་རྒྱལ་ཀྱིས་ བཤདཔ་ཨིན་པས།
ཞི་གཡོགཔ་ཅིག་གིས་ སླབ་མིའི་ནང་ རེས་གཟའ་མིག་དམར་ལས་ སྤེན་ཆ་ཚུན་ཚོད་ ཡིག་ཚང་ནང་ ལཱ་འབད་དགོཔ་ལས་ འཕྲལ་འཕྲལ་སེམས་སུན་ཁག་ཁ་ བྱུང་པའི་སྐབས་ རླུང་བསིལ་རྐྱབ་པར་ འགྱོ་ནིའི་དོན་ལུ་ ངལ་སངས་དང་ ཡང་ཅིན་ གླིང་ག་ལེགས་ཤོམ་ཅིག་ཡང་མེདཔ་ལས་ ཡིག་ཚང་ལས་ ཁྱིམ་ནང་དང་ ཁྱིམ་ནང་ལས་ ཡིག་ཚང་ནང་ འགྱོ་ནི་ལས་བརྒལ་ གཞན་མིན་འདུག་ཟེར་ཨིན་པས།
ཨིན་རུང་ ད་རེས་ ཁྲོམ་སྡེ་གིས་ མི་མང་རྩེད་ཐང་ནང་ སྤྱི་དོན་ངལ་སངས་ཀྱི་ས་ཁོངས་ བཟོ་སྐྲུན་འབད་དོ་ཡོད་མི་དེ་གིས་ སེམས་སུན་འབད་བའི་སྐབས་ ས་ཁོངས་དེ་ནང་ ཆ་རོགས་ཚུ་དང་གཅིག་ཁར་ ངལ་གསོ་ནི་དང་ རླུང་བསིལ་རྐྱབ་ནིའི་དོན་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *