མི་སྡེ་ལས་ཚོགས་ཀྱིས་ རང་དོན་ལུ་མེན་པར་ མི་སྡེ་ལུ་ ཞབས་ཏོག་ཞུ་དགོཔ།

༉ རྒྱལ་ཁབ་ནང་ མི་སྡེ་ལས་ཚོགས་ཀྱི་ ལས་སྣ་དང་ དངུལ་འབྲེལ་ལག་ལེན་ཚུ་ ཚ་གྱང་ཅན་ཅིག་ལུ་ གྱུར་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༡༨ ལུ་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གིས་ མི་སྡེ་ལས་ཚོགས་ཀྱི་འཕྲི་སྣོན་དཔྱད་ཡིག་༢༠༢༡ ཅན་མ་ བསྐྱར་ཞིབ་འབད་བའི་སྐབས་ གནད་དོན་དེ་གི་སྐོར་ལས་ གྲོས་བསྡུར་རྒྱས་པར་ བྱུང་ནུག།

རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཅིག་གིས་ བཤད་མིའི་ནང་ བསྐྱར་ཞིབ་ཞལ་འཛོམས་ནང་ མི་སྡེ་ལས་ཚོགས་ཀྱི་དགོས་དོན་དང་ གཞི་རྩ་ལས་ ཐ་དད་མི་འགྱོ་ནིའི་དོན་ལུ་ དོན་ཚན་དམ་དམ་ཅིག་ དགོ་པའི་སྐོར་ལས་ གྲོས་བསྡུར་འབད་ཡི་ཟེར་ཨིན་པས།

གནམ་བྱཱར་གྱི་ ཚོགས་རིམ་ནང་ རྒྱལ་ཡོངས་ཚོགས་སྡེ་གིས་ ཆ་འཇོག་གྲུབ་མི་ མི་སྡེ་ལས་ཚོགས་དཔྱད་ཡིག་དེ་ རྒྱལ་ཡོངས་ཚོགས་འདུ་གིས་ ད་རིས་ཚོགས་ཐེངས་༦ པའི་ནང་ གསུང་གྲོས་གནང་ནི་ཨིན་པས།

བསྐྱར་ཞིབ་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ འཐུས་མི་ཚུ་གིས་འབད་བ་ཅིན་ ལས་ཚོགས་ལ་ལོ་ཅིག་ བཟའ་ཚང་གི་ ཚོང་འབྲེལ་དོན་ལུ་ཡང་ གཞི་བཙུགས་འབད་དེ་འདུག་ཟེར་ཨིནམ་ད་ མི་སྡེ་ལས་ཚོགས་ ལ་ལོ་ཅིག་གིས་ མི་སྡེའི་ལཱ་ འབད་དོ་བཟུམ་མཐོང་ཡོད་རུང་ ལེགས་ཤོམ་སྦེ་ བལྟ་བའི་སྐབས་ ཚོང་འབྲེལ་གྱི་ ལཱ་འབད་མི་ཡང་འདུག་ཟེར་ འཐུས་མི་ཚུ་གིས་ བཤདཔ་ཨིན་པས།

འཐུས་མི་གིས་འབད་བ་ཅིན་ མི་སྡེ་ལས་ཚོགས་དེ་ རང་གི་ཁེ་ཕན་ལུ་བལྟ་སྟེ་མེན་པར་ ལས་ཚོགས་ཀྱི་ གཞི་རྩ་དང་ དམིགས་དོན་དང་འཁྲིལ་ཏེ་ ལཱ་འབད་དགོཔ་བཞིན་དུ་ གལ་སྲིད་ རང་དོན་ལུ་ ལཱ་འབད་བ་ཅིན་ མི་སྡེ་ལས་ཚོགས་ཚུ་ བཟའ་ཚང་དང་འབྲེལ་བའི་ ལས་སྣ་ཚུ་ལུ་ འགྱུར་ནི་གི་ ཉེན་ཁ་ཡོད་པའི་ ཚ་གྱང་སྐོར་ལས་ གྲོས་བསྡུར་བྱུང་ཡི་ཟེར་ཨིན་པས།

མི་སྡེ་ལས་ཚོགས་དབང་འཛིན་དང་འཁྲིལཝ་ད་ ད་རེས་ རྒྱལ་ཁབ་ནང་ ཐོ་བཀོད་ཅན་གྱི་ མི་སྡེ་ལས་ཚོགས་༥༤ ཡོད་ཟེར་ཨིན་པས།

ཞལ་འཛོམས་སྐབས་ ལས་ཚོགས་ཀྱི་ དངུལ་འབྲེལ་སྐོར་ལས་ གྲོས་བསྟུན་བྱུང་ཡོདཔ་ད་ རྩིས་ལོ་༢༠༢༠-༢༡ ནང་ མི་སྡེ་ལས་ཚོགས་ནང་ རྩིས་ཆད་དངུལ་ཀྲམ་ས་ཡ་༤༩ ཐོན་ཏེ་འདུག་ཟེར་ འཐུས་མི་ཚུ་གིས་ བཤདཔ་ཨིན་པས།

མ་གཞི་ ལས་ཚོགས་ཚུ་གིས་ བཅའ་ཡིག་ལས་འགལ་བའི་ ལཱ་འབད་དེ་ཡོད་རུང་ ད་ལྟོ་ཚུན་ ཕུད་རྡོག་གཅིག་ཡང་ ཐོ་བཀོད་ལས་ ཕྱིར་བཏོན་མ་འབད་བར་ཡོདཔ་ལས་ བཅའ་ཁྲིམས་གསརཔ་ནང་ དོན་ཚན་སྒྲིང་སྒྲི་ཅིག་ བཀོད་དགོ་པའི་ གྲོས་བསྡུར་བྱུང་ཡི་ཟེར་ཨིན་པས།

དཔྱད་ཡིག་དང་འཁྲིལཝ་ད་ མི་སྡེ་ལས་ཚོགས་ཀྱིས་ ལོ་༢ དེ་ཅིག་ ལག་ལེན་མ་འཐབ་པར་ བཞག་སྟེ་ཡོད་པ་ཅིན་ ཐོ་བཀོད་ལས་ ཕྱིར་བཏོན་འབད་དགོཔ་དང་ གལ་སྲིད་ ལས་ཚོགས་ཀྱིས་ རྒྱལ་ཁབ་ཀྱི་ བཅའ་ཁྲིམས་དང་ ཚོགས་སྡེའི་བཅའ་ཡིག་ལས་འགལ་བའི་ ལཱ་བྱ་འཐབ་པ་ཅིན་ ཕྱིར་བཏོན་གཏང་ནིའི་ དོན་ཚན་གསརཔ་ཚུ་ཡང་ བཙུགས་ཏེ་ཡོདཔ་ཨིན་པས།

རྒྱལ་ཡོངས་ཚོགས་འདུའི་ འགྲོ་བ་མིའི་དབང་ཆ་དང་རྒྱལ་སྤྱི་མཉམ་འབྲེལ་ཚོགས་ཆུང་གི་ ཁྲི་འཛིན་འོགམ་ བི་མཱལ་ཐ་པ་གིས་ སླབ་མིའི་ནང་ ད་ལྟོ་ མི་སྡེ་ལས་ཚོགས་ཀྱི་ དཀའ་ངལ་ཚུ་ བསལ་ནིའི་དོན་ལུ་ བསྒྱུར་བཅོས་ཀྱི་ གྲོས་འདེབས་ཕུལ་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེ་གིས་ མི་སྡེ་ལས་ཚོགས་དབང་འཛིན་གྱི་ ཁྲི་འཛིན་དེ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གི་ དྲུང་ཆེན་བཞག་དགོཔ་སྦེ་ ཆ་འཇོག་འབད་ཡོད་རུང་ ཚོགས་ཆུང་གིས་ ནང་སྲིད་བློན་པོ་ཁྲི་འཛིན་སྦེ་ བཞག་དགོ་པའི་ གྲོས་འདེབས་ཕུལ་ཡི་ཟེར་ཨིན་པས།

དེ་ཡང་ འཐུས་མི་ལ་ལོ་ཅིག་གིས་ ལས་ཚོགས་དེ་ སྲིད་དོན་དང་ འབྲེལ་བ་འཐབ་ནི་ཨིནམ་ལས་ གལ་སྲིད་ མི་སྡེ་ལས་ཚོགས་དབང་འཛིན་གྱི་ བཀོད་ཚོགས་ནང་ ཁྲི་འཛིན་སྦེ་ བློན་པོ་ཡོད་པ་ཅིན་ མི་སྡེ་ལས་ཚོགས་དང་ འབྲེལ་མཐུད་སྒྲིང་སྒྲི་སྦེ་ སྡོད་འོང་ཟེར་ཨིན་པས།

ཨིན་རུང་ འཐུས་མི་ལ་ལོ་ཅིག་གིས་ གྲོས་འདེབས་དེ་ལུ་ ངོས་ལེན་མ་འབད་བས།

མི་སྡེ་ལས་ཚོགས་ཀྱི་ འགོ་དཔོན་ཅིག་གིས་འབད་བ་ཅིན་ ལས་ཚོགས་ཀྱི་ དཔྱད་ཡིག་དང་འཁྲིལ་ཏེ་ འབདཝ་བཞིན་དུ་ ཁོང་རའི་དམིགས་ཡུལ་དེ་ཡང་ མི་སྡེ་ལུ་ ཞབས་ཏོག་ཞུ་ནི་དེ་ཨིན་ཟེར་ཨིན་པས།

གླ་འཁོར་ཚོགས་པའི་གཙོ་འཛིན་ རིག་འཛིན་ཆོས་འཕེལ་གྱིས་ ལས་ཚོགས་ནང་ རྩིས་ཆད་ཐོན་ཡོད་པའི་སྐོར་ལས་ མ་གོ་ཟེར་ བཤདཔ་ཨིན་རུང་ ལས་ཚོགས་དེ་ ཐོ་བཀོད་ཁྲིམས་མཐུན་ཡོད་པའི་ཁར་ བཅའ་ཡིག་དང་ སྒྲིག་གཞི་ཚུ་དང་འཁྲིལ་ཏེ་ར་ ལག་ལེན་འཐབ་དོ་ཟེར་ བཤདཔ་ཨིན་པས།

འབྲུག་ཟ་ཁང་ཚོགས་སྡེའི་ཁྲི་འཛིན་ བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ ཁོ་རའི་ལས་ཚོགས་དེ་ བཟའ་ཚང་ལུ་ ཕན་གྲོགས་འབད་བའི་ ལས་སྡེ་མེན་ཟེར་ཨིནམ་ད་ ལས་སྡེ་དེ་ནང་ ལས་བྱེདཔ་ཚུ་ཡང་ ས་སྟོང་གསལ་བསྒྲགས་འབད་ཐོག་ལས་ བཙུགསཔ་མ་ཚད་ བཀོད་ཚོགས་ཀྱི་ འཐུས་མི་ཚུ་ཡང་ ཟ་ཁང་ཁག་མ་འདྲཝ་དང་ ལུང་ཕྱོགས་ལས་ གདམ་བསྐོ་འབད་དོ་ཟེར་ བཤདཔ་ཨིན་པས།

མི་སྡེ་ལས་ཚོགས་དབང་འཛིན་གྱི་ཁྲི་འཛིན་ ཕུན་ཚོགས་དབང་འདུས་ཀྱིས་ སླབ་མིའི་ནང་ མི་སྡེ་ལས་ཚོགས་ག་རའི་ གནས་སྟངས་ཧ་གོ་ནིའི་དོན་ལུ་ གནས་སྡུད་བསྐྱར་ཞིབ་འབད་འོང་ཟེར་ཨིནམ་ད་ ཁོ་ར་ མི་སྡེ་ལས་ཚོགས་ནང་ འཕྲལ་ཁམས་ཅིག་ཁར་ འཛུལ་ཡོདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ བསྐྱར་ཞིབ་འབད་བའི་ཤུལ་ལས་རྐྱངམ་གཅིག་ མི་སྡེ་ལས་ཚོགས་ག་གིས་ བཅའ་ཁྲིམས་ལས་ འགལ་ཡོདཔ་ཨིན་ན་ སླབ་ཚུགས་ནི་མས་ཟེར་ཨིན་པས།

མི་སྡེ་ལས་ཚོགས་ཀྱི་ དཔྱད་ཡིག་གསརཔ་དང་འཁྲིལཝ་ད་ འབྲུག་གི་དངུལ་ཟོལ་བཀག་སྡོམ་དང་དྲག་ཐོག་དབང་བཙོང་གི་མ་དངུལ་བཀག་ཐབས་ཀྱི་ བཅའ་ཁྲིམས་ནང་ འགན་དབང་ཚུ་ལུ་ མི་སྡེའི་ལས་ཚོགས་ཚུ་གིས་གནས་དགོཔ་ ངེས་བརྟན་བཟོ་ནི་ལུ་ དབང་འཛིན་གྱིས་ ལྟ་རྟོག་འབད་དགོཔ་ཨིན་པས།

མི་ངོའམ་ལས་ཚོགས་ཅིག་གིས་ བཅའ་ཁྲིམས་དང་མ་འཁྲིལ་བར་ མ་དངུལ་བསྡུ་བླང་དང་ དངུལ་ལོར་དང་ རྒྱུད་དངོས་གཞན་གྱི་ རྒྱུད་བསྐུལ་འཐབ་པ་ཅིན་ མི་ངོའམ་ལས་ཚོགས་དེ་ ཁྲིམས་མཐུན་མིན་པའི་ མ་དངུལ་བཟོ་བའི་ གནོད་འགེལ་འཐབ་མིའི་གྲངས་སུ་ བརྩི་དགོཔ་བཞིན་དུ་ གནོད་འགེལ་དེ་ཡང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ རིན་ཐང་དང་བསྟུན་པའི་ ཉེས་ཁྲིམས་ཕོག་ནི་ཨིན་པས།

གལ་སྲིད་ གནོད་འགེལ་འཐབ་མི་དེ་ གཙུག་སྡེ་ཅིག་ཨིན་པ་ཅིན་ ཉེས་ཆད་ ཡང་ཅིན་ ཐོ་བཀོད་མཚམས་འཇོག་གམ་ ཐོ་ཡིག་ཆ་མེད་གཏང་ནི་ཨིན་པས།

ད་ལྟོའི་ མི་སྡེ་ལས་ཚོགས་ཀྱི་ བཅའ་ཁྲིམས་དེ་ སྤྱི་ལོ་༢༠༠༧ ལུ་ ཆ་འཇོག་འབད་ཡོདཔ་ད་ དབང་འཛིན་ལུ་ རང་སོའི་དབང་ཚད་ ཡང་ཅིན་ བྱ་སྒོ་ཚུ་ དོན་སྨིན་ཅན་གྱི་སྒོ་ལས་ འགྲུབ་ཚུགསཔ་བཟོ་ནིའི་དོན་ལུ་ དགོས་མཁོ་ཡོད་པའི་ མི་སྟོབས་ལངམ་སྦེ་ བྱིན་དགོཔ་ཨིན་པས།

འཐུས་མི་ཅིག་གིས་ སླབ་མིའི་ནང་ འཕྲི་སྣོན་དཔྱད་ཡིག་དེ་གིས་ མི་སྡེ་ལས་ཚོགས་ལག་ལེན་འཐབ་ནི་ལུ་ ལྷན་ཐབས་འབྱུང་འོང་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *