མི་སྡེ་ཞབས་ཏོག་ལྟེ་བ་དང་ ཞིང་རྨོ་འཕྲུལ་ཚུ་ ལོག་རྩིས་སྤྲོད་འབད་ནི།

༉ ཀྲོང་གསར་རྫོང་ཁག་གི་ མི་སྡེ་འགོ་ཁྲིདཔ་ཚུ་གིས་ རྒེད་འོག་ནང་ཡོད་པའི་ ཞིང་རྨོ་འཕྲུལ་དང་ རྒེད་འོག་མི་སྡེ་ལྟེ་བ་གིས་ མི་སེར་ཚུ་ལུ་ དགོས་མཁོ་ཆེ་བའི་ ཞབས་ཏོག་བྱིན་མ་ཚུགསཔ་ལས་ སོ་ནམ་འཕྲུལ་ཆས་ལྟེ་བ་ལུ་ རྩིས་སྤྲོད་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།

རྫོང་ཁག་ཚོགས་འདུའི་སྐབས་ མི་སྡེ་འགོ་ཁྲིདཔ་ཚུ་གིས་ བཤད་མིའི་ནང་ འདས་པའི་གཞུང་གིས་ རྒེད་འོག་ཚུ་ནང་ ཞིང་རྨོ་འཕྲུལ་ཚུ་བྱིན་ཡོད་པའི་ཁར་ མི་སྡེ་ལྟེ་བ་ཚུ་ཡང་ གཞི་བཙུགས་འབད་དེ་ སོ་ནམ་པ་ཚུ་ལུ་ ཕན་ཐོགས་བྱུང་ཡོད་རུང་ ད་རེས་ ཅ་ཆས་མང་ཤོས་ཅིག་ ལཱ་འབད་མ་བཏུབ་མ་ཚད་ ཡན་ལག་ཅ་ཆས་ཚུ་ཡང་ མ་ཚང་པར་ཡོདཔ་ཨིན་པས།

བྲག་སྟེང་རྒཔོ་ ཀུན་བཟང་རྡོ་རྗེ་གིས་ བཤད་མིའི་ནང་ ལྕང་ལཱ་རན་པའི་སྐབས་ མི་ཚུ་གིས་ མི་སྡེ་ཞབས་ཏོག་ལྟེ་བའི་ནང་ ཞབས་ཏོག་ལེན་པར་འོང་དོ་ཡོདཔ་ཨིན་རུང་ ལྟེ་བ་གིས་ ཞབས་ཏོག་བྱིན་མ་ཚུགསཔ་ལས་ ལོག་གཏང་དགོཔ་ཐོན་དོ་ཡོདཔ་ད་ ལྟེ་བ་ཡོད་རུང་མེད་རུང་ ཁྱད་པར་མིན་འདུག་ཟེར་ཨིན་པས།

འདས་པའི་རྫོང་ཁག་ཚོགས་འདུ་སྐབས་ སོ་ནམ་འཕྲུལ་ཆས་ལྟེ་བའི་ཁ་ཐུག་ལས་ ཞབས་ཏོག་ལྟེ་བའི་ནང་ ལས་བྱེདཔ་བཙུགས་ནི་དང་ ཕའི་ཐང་ལུ་ཡོད་པའི་ ལས་འགུལ་གྱིས་ མི་ཚུ་ལུ་ འཕྲུལ་ཆས་དང་འབྲེལ་བའི་ ཞབས་ཏོག་བྱིན་ནི་སྦེ་ བཤད་ཡོདཔ་ཨིན་རུང་ ད་རེས་ ལག་ལེན་མ་འཐབ་པར་ཡོདཔ་སྦེ་ཨིན་པས།

གླང་མཐིལ་རྒེད་འོག་གི་དམངས་མི་ ཚེ་རིང་གིས་ སླབ་མིའི་ནང་ རྒེད་འོག་ལུ་གནང་ཡོད་པའི་ ཞིང་རྨོ་འཕྲུལ་ཚུ་གིས་ མི་སྡེའི་ནང་ འཕྲུལ་གླང་མེད་མི་ཚུ་ལུ་ ཕན་ཐོགས་བྱུང་ཡོདཔ་སྦེ་ཨིན་པས།

དེ་བཟུམ་སྦེ་ སྟངས་སི་སྦྱིས་རྒེད་འོག་གི་ དམངས་མི་གིས་ཡང་ རྒེད་འོག་ནང་ཡོད་པའི་ ཞིང་རྨོ་འཕྲུལ་ཚུ་ སྤྱི་འོག་ཚུ་ནང་ དགོས་མཁོ་དང་བསྟུན་ ལཱ་འབད་དོ་ཡོདཔ་ལས་ ཕན་པ་ཡོད་ཟེར་ སླབ་ཨིན་པས།

སྟངས་སི་སྦྱིས་རྒཔོ་གིས་ ཞུ་མིའི་ནང་ རྒེད་འོག་ནང་ འཕྲུལ་གླང་ལཱ་འབད་བཏུབ་མི་ཚུ་ ལཱ་འབད་དོ་ཡོདཔ་བཞིན་དུ་ མེདཔ་ཐལ་མི་ཚུ་ ལཱ་མེད་པའི་ཁར་ ཉམས་བཅོས་ཡང་མ་འབད་བར་ སྣང་མེད་ལུས་ཡོདཔ་མ་ཚད་ ཡན་ལག་ཅ་ཆས་ཚུ་ཡང་ མང་ཤོས་ར་ མིན་འདུག་ཟེར་ཨིན་པས།

དེ་ཡང་ མི་ཚུ་གིས་ གཞུང་གི་ཅ་ཆས་འབད་ནི་དེ་གིས་ ཡན་ལག་ཅ་ཆས་ཚུ་ སོར་དོ་ཡོད་པའི་ཁར་ ལོག་སྤྱོད་འབད་དོ་ཡོདཔ་ད་ འཕྲུལ་ཆས་ཚུ་ དལ་གཞི་ རྒེད་འོག་ནང་ཡོད་པའི་ སོ་ནམ་འཕྲུལ་ཆས་ཀྱི་ ཡན་ལག་ཅ་ཆས་ཚུ་ བདག་འཛིན་འཐབ་དགོ་ནི་ཨིན་པས།

རྒཔོ་ཚུ་གིས་ སླབ་མིའི་ནང་ མ་འོངས་པ་ལུ་ བདག་དབང་ཡོད་པའི་ དབང་འཛིན་གྱིས་ འཕྲུལ་གླང་དེ་གི་ དབྱེ་དཔྱད་འབད་དེ་ ཅ་ཆས་དང་ཞབས་ཏོག་སྐོར་ལས་ དྲི་དཔྱད་འབད་བ་ཅིན་ ད་རེས་ བདག་དབང་རྒེད་འོག་ལུ་མེདཔ་ལས་ མ་འོངས་པ་ལུ་ གདོང་ལེན་འབྱུང་ནི་མས་ཟེར་ཨིན་པས།

མི་སྡེ་འགོ་ཁྲིདཔ་ཚུ་གིས་ བཤད་མིའི་ནང་ འདས་པའི་གཞུང་གིས་ མི་སེར་ཚུ་ལུ་ ཕན་ཐོགས་ནིའི་དོན་ལས་ སོ་ནམ་འཕྲུལ་ཆས་ཚུ་ བགོ་བཀྲམ་འབད་ཡོདཔ་ད་ དེ་གིས་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་བྱུང་ཡོདཔ་ཨིན་པས།

རྫོང་ཁག་ཚོགས་འདུ་གིས་ འཕྲུལ་གླང་ཚུ་ མི་སེར་ལུ་ ཞབས་ཏོག་མཁོ་སྤྲོད་འབད་མ་ཚུགས་པའི་ཁར་ ཅ་ཆས་མང་ཤོས་མེདཔ་ལས་ ལོག་འབྲེལ་ཡོད་དབང་འཛིན་ལུ་ རྩིས་སྤྲོད་འབད་ནི་དང་ མ་འོངས་པ་ལུ་ དགོས་མཁོ་དང་བསྟུན་ ཞུ་བ་ཕུལ་ནི་སྦེ་ ཐག་བཅད་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *