མི་སྡེ་བརྡ་བརྒྱུད་ནང་ མནོ་ཚད་དྲན་ཚད་ འབྲི་ནི་ལས་འཛེམ་དགོཔ།

༉ མི་སྡེ་བརྡ་བརྒྱུད་ཚུ་ནང་ བསམ་འཆར་བཀོད་མི་དང་ གཞན་གྱིས་བཙུགས་ཡོད་མི་ དོན་ཚན་ཚུ་ལུ་ རང་གིས་ མཛུབ་སྣོན་ཅིག་འབད་རུང་ སྐུར་འདེབས་དང་ གཞན་ལུ་བརྙས་བཅོས་འབད་བའི་ ཉེས་ཁྲིམས་ཚུ་ ཁྲིམས་དང་འཁྲིལ་ཏེ་ ཕོག་ནི་ཨིནམ་ལས་ འཛེམ་དགོ་ཟེར་ ཆེ་མཐོ་ཁྲིམས་འདུན་གྱི་དྲང་དཔོན་ ལུང་བསྟན་གྲུབ་འགྱུར་གྱིས་བཤད་ཅི།
དྲང་དཔོན་གྱིས་ བཤད་མིའི་ནང་ དེ་བཟུམ་མའི་དོན་ཚན་ཚུ་ མི་སྡེ་བརྡ་བརྒྱུད་ནང་བཙུགས་པ་ཅིན་ མི་གཞན་ལུ་ བརྙས་བཅོས་འབད་མི་དང་ རྩུབ་སྤྱོད་འབད་བའི་ཉེས་འཛུགས་ཐོག་ ཁྲིམས་བཤེར་རུང་བའི་ ཁྲིམས་འགལ་གྱི་གྲངས་སུ་ ཚུད་འོང་ཟེར་ཨིན་པས།
ཕྱིའི་རྒྱལ་ཁབ་ལ་ལོ་ཅིག་ནང་འབད་བ་ཅིན་ མི་སྡེ་བརྡ་བརྒྱུད་ནང་ མི་ཅིག་གིས་ གཞན་ལུ་གནོད་ཉེན་ཡོད་པའི་ གནད་དོན་ཚུ་བཙུགས་ཏེ་ཡོད་མིའི་གུ་ རང་གིས་མཛུབ་སྣོན་ཅིག་འབད་རུང་ དོན་ཚན་དེ་ལུ་ རྒྱབ་སྐྱོར་འབད་དོ་བཟུམ་ཅིག་ཨིནམ་ལས་ ཉེས་ཁྲིམས་ཚུ་ དེ་དང་འཁྲིལ་ བཀལ་མི་ཡང་ ཡོད་ཟེར་ཨིན་པས།
འཕྲུལ་རིག་གི་ གོང་འཕེལ་དང་བསྟུན་ འབྲུག་མི་ཚུ་གིས་ འགྲུལ་འཕྲིན་ཐོག་ལས་ ཡོངས་གྲགས་ལུ་ ཝི་ཅེཌ་དང་ ཝཊསི་ཨེབ་ལ་སོགས་པའི་ མཐུན་རྐྱེན་ཚུ་ ལག་ལེན་འཐབ་དོ་ཡོད་རུང་ མང་ཤོས་ཀྱིས་ གསང་བའི་ལོ་རྒྱུ་ཚུ་ཨིན་རུང་ སྦ་གསང་མེད་པར་ མཐུན་རྐྱེན་དེ་ཚུ་གི་ཐོག་ལས་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ཨིན་རུང་ མཐུན་རྐྱེན་དེ་ཚུ་ག་ར་ ཕྱིའི་རྒྱལ་ཁབ་ཚུ་ནང་ཡོད་མི་ ལས་སྡེ་ཚུ་གིས་ བདག་དབང་ཐོག་ལུ་ཡོདཔ་ལས་ རང་གིས་ག་ཅི་སླབ་རུང་ ག་ཅི་འབད་རུང་ དེ་ཚུ་ག་ར་ ལྟ་རྟོག་འབད་མི་ཡོད་ཟེར་ དྲང་དཔོན་ལུང་བསྟན་གྲུབ་འགྱུར་གྱིས་བཤད་ཅི།
དཔེ་འབད་བ་ཅིན་ ཝི་ཅེཌ་དེ་ ཡོངས་གྲགས་ལུ་ རྒྱ་གར་གྱི་ མི་སེར་ཚུ་གིས་ རྒྱ་ཆེ་དྲགས་སྦེ་ ལག་ལེན་འཐབ་དོ་ཡོད་པའི་ཁར་ ཞབས་ཏོག་དེ་ཡང་ རྒྱ་ནག་ལུ་ཡོད་མི་ ལས་སྡེ་གིས་བཟོ་བཀོད་འབད་བའི་ ཞབས་ཏོག་ཅིག་འབདཝ་ལས་ ང་བཅས་ཀྱིས་ ག་ཅི་འབདཝ་ཅིག་ ཁོང་གིས་ ཤེས་ཚུགས་པའི་ཁར་ བརྡ་དོན་ཚུ་ག་ར་ གསོག་འཇོག་འབད་དེ་ བཞགཔ་ཨིན་པས།
ད་རུང་ ཡོངས་གྲགས་ཅན་གྱི་ མི་སྡེའི་བརྡ་བརྒྱུད་ ཕེསི་བུཀ་དེ་ཡང་ ཨུ་ཀེ་ལུ་ གཞི་བཙུགས་འབད་ཡོདཔ་ལས་ ཕེསི་བུཀ་ནང་ ག་ཅི་འབྲི་རུང་ ག་ཅི་བཙུགས་རུང་ ལཱ་ངན་པ་ག་ཅི་བརྩམ་རུང་ ཕེསི་བུཀ་འཛིན་སྐྱོང་འཐབ་མི་གིས་ ཤེས་ཚུགས་དོ་ཡོདཔ་ཨིན་པས།
དེ་འབདཝ་ལས་ ནམ་ར་འབད་རུང་ ཞབས་ཏོག་དེ་ཚུ་གི་ཐོག་ལས་ གསང་བའི་ལཱ་འབད་ནི་ཡོད་རུང་ མིང་རྫུས་མའི་ཐོག་ལས་འབྲི་སྟེ་ བཙུགས་ཏེ་འབད་རུང་ གསང་བ་དེ་ ཤེས་ཚུགས་ནི་ཨིནམ་ལས་ ག་ར་གིས་ འཛེམ་དགོ་ནི་ཨིན་པས།
དྲང་དཔོན་གྱིས་ བཤད་མིའི་ནང་ མི་སྡེ་བརྡ་བརྒྱུད་ནང་བཙུགས་མི་ཚུ་ཡང་ ལ་ལོ་གིས་ མི་གཞན་ལུ་ མ་དགའཝ་ཡོད་མི་ལུ་ དགྲ་ལན་འཇལ་ནི་དང་ བརྙས་བཅོས་འབད་ནི་ དེ་ལས་ དམའ་ཕབ་རྐྱབ་ནིའི་དོན་ལུ་ བཙུགས་མི་ཚུ་ཡོདཔ་ཨིན་རུང་ ཡོངས་འབྲེལ་ནང་ བཙུགས་མི་དེ་གིས་ མི་རང་སོའི་བསམ་འཆར་ཚུ་ བཀོད་པའི་རྟགས་ཨིནམ་ལས་ དེ་གི་ཉེས་པ་ཡང་ རང་ལུ་ཕོགཔ་ཨིན་པས།
དྲང་དཔོན་ལུང་བསྟན་གྲུབ་འགྱུར་གྱིས་ དེ་བཟུམ་མའི་ མཐུན་རྐྱེན་ཐོག་ལས་ རྒྱལ་ཁབ་ནང་ གསརཔ་ཅིག་ཨིན་རུང་ བྱ་ངན་དེ་ཚུ་ ཧེ་མ་ལས་འབད་དོ་བཟུམ་མའི་ བྱ་ངན་ཚུ་ཨིནམ་མ་ཚད་ བྱ་ངན་འབད་མི་ལུ་ བལྟ་མི་ཡོདཔ་ལས་ བརྡ་བརྒྱུདཔ་དང་ དྲང་ཁྲིམས་ནང་ ལཱ་འབད་མི་ཚུ་གིས་ འཛེམ་དགོ་ཟེར་བཤད་ཅི།
རྒྱལ་ཁབ་ནང་འབད་བ་ཅིན་ མིང་རྫུས་མ་བཟོ་སྟེ་ ཡོངས་འབྲེལ་ནང་ མི་གཞན་ལུ་ བརྙ་བཅོས་འབད་བའི་ཚིག་ཚུ་ བཙུགས་མི་གི་ རྩོད་བཤེར་དང་པ་དེ་ སྤ་རོ་ལས་ ཐོན་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *