དགྲ་མེད་རྩེ་ སྔ་ཚང་འདེམས་ཁོངས་ཀྱི་ ངོ་ཚབ་ཚུ་གིས་ མི་མང་རྩོད་འགྲན་འབད་བའི་བསྒང་།

མི་སྡེ་བརྡ་བརྒྱུད་ཀྱི་ ཁྲིམས་དང་སྲིད་བྱུས་ཚུ་ རྩ་བརྟན་བཟོ་ནིའི་ཁས་བླངས།

༉ དགྲ་མེད་རྩེ་ སྔ་ཚང་འདེམས་ཁོངས་ཀྱི་ ངོ་ཚབ་ཚུ་གིས་ མི་སྡེ་བརྡ་བརྒྱུད་ལུ་བརྟེན་ ཕན་གནོད་ཚུ་ཡོདཔ་ལས་ ཁྲིམས་དང་སྲིད་བྱུས་ཚུ་ ལེགས་བཅོས་འབད་དེ་ རྩ་བརྟན་བཟོ་ནི་ཨིན་པས།
མི་སྡེ་བརྡ་བརྒྱུད་ལུ་བརྟེན་ མི་སྡེ་འགོ་ཁྲིདཔ་དང་ ཁག་འབགཔ་ དེ་ལས་ འགོ་དཔོན་ཚུ་གིས་ དབང་ཚད་དང་མ་དངུལ་ལོག་སྤྱོད་ ཁྲིམས་འགལ་ལ་སོགས་པའི་ ངན་ལྷད་འབད་མི་ཚུ་ཡང་ མར་ཕབ་འབད་དེ་ རྒྱལ་ཡོངས་དམིགས་གཏད་ཚུ་ འགྲུབ་ནི་ལུ་ ཕན་ཐོགས་བྱུང་ནུག།
ཨིན་རུང་ གདོང་དེབ་ཕེསི་བུག་དང་ ཝི་ཅེཌ་ཚུ་ནང་ མི་རྫུས་མ་བཟོ་མི་ཚུ་གིས་ སྲིད་ཚོགས་ཚུ་ལུ་ མ་བདེན་པའི་གཏམ་ངན་ཚུ་སླབ་སྟེ་ སྲིད་ཚོགས་ཚུ་གི་བར་ན་ བར་དཀྲོགས་འབད་དོ་ཡོདཔ་ཨིན་པས།
རྒྱལ་ཁབ་ཀྱི་ གནས་སྟངས་ཡར་དྲག་དང་བསྟུན་ གཞི་རྟེན་མཐུན་རྐྱེན་ གཞི་བཙུགས་འབད་མི་ཚུ་ མི་སེར་ཚུ་གིས་ ཕན་ནུས་ཅན་སྦེ་ ལག་ལེན་འཐབ་པ་ཅིན་ རྒྱལ་ཁབ་དང་ མི་སྡེ་ལུ་ དགོཔ་གལ་ཅན་དང་ ཚུལ་བཞིན་དུ་ ལག་ལེན་འཐབ་མ་ཤེས་པ་ཅིན་ དཀའ་ངལ་གྱི་གཞི་ལུ་ གྱུར་ཡོད་རུང་ ད་ལྟོ་ཡོད་མི་ མི་སྡེ་བརྡ་བརྒྱུད་ཀྱི་ སྲིད་བྱུས་དང་ ཁྲིམས་ལུགས་བསྟར་སྤྱོད་འབད་མ་ཚུགསཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༨ པའི་ཚེས་༢༨ ལུ་ སྔ་ཚང་རྒེད་འོག་ ཡ་ལྡི་སློབ་གྲྭ་ལྟེ་བའི་ སྤྱི་དོན་ཁང་ནང་སྦེ་ འབྲུག་རྒྱང་ བསྒྲགས་ཀྱི་ རྩོད་བསྡུར་ལས་རིམ་ནང་ འདེམས་ཁོངས་ཀྱི་ ཚོགས་པའི་ངོ་ཚབ་ཚུ་གི་བར་ན་ གྲོས་བསྡུར་འབད་བའི་སྐབས་ ཐོན་ཡོདཔ་ཨིན།
འདེམས་ཁོངས་ལས་ མི་སེར་དམངས་གཙོ་ཚོགས་པའི་ངོ་ཚབ་ སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ བཙག་འཐུ་རན་པའི་སྐབས་ མི་སྡེ་བརྡ་བརྒྱུད་ཚུ་ནང་ ངོ་རྟགས་རྫུས་མ་བཟོ་མི་ཚུ་གིས་ སྲིད་ཚོགས་ཀྱི་སྐོར་ལས་ མ་བདེན་པའི་གཏམ་ངན་ཚུ་སླབ་སྟེ་ མི་སྡེའི་བར་ན་ ཕུང་དཀྲོགས་ཏེ་ སྟབས་མ་བདེཝ་བཟོ་མི་ ལེ་ཤ་འདུག་ཟེར་ཨིན་པས།
འབྲུག་ཀུན་མཉམ་ཚོགས་པའི་ངོ་ཚབ་ ཚེ་རིང་དབང་ཆེན་གྱིས་ སླབ་མིའི་ནང་ མི་སྡེ་བརྡ་བརྒྱུད་ལུ་བརྟེན་ རྒྱལ་ཁབ་ནང་ ངན་ལྷད་མར་ཕབ་འབད་ནི་ལུ་ ཁེ་ཕན་བྱུང་བའི་ཁར་ མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནི་དང་ མིའི་བསམ་སྤྱོད་ལེགས་བཅོས་འབད་ནི་ རྒྱལ་ཡོངས་ཀྱི་ མི་སེར་ཚུ་ལུ་ འཚེར་སྣང་བསྐྱེད་བཅུག་སྟེ་ ཞི་བདེའི་ལཱ་ འབད་ནི་ལུ་ ཕན་ཐོགས་ཏེ་ཡོད་རུང་ ཁྲིམས་དང་སྲིད་བྱུས་ཚུ་ འཕྲི་སྣོན་འབད་ནི་ལུ་ རྒྱབ་སྐྱོར་འབད་ནི་ཟེར་ ཨིན་པས།
དེ་བཟུམ་སྦེ་ འབྲུག་མཉམ་རུབ་ཚོགས་པའི་ངོ་ཚབ་ འཇིགས་མེད་རྡོ་རྗེ་གིས་ སླབ་མིའི་ནང་ མི་སྡེ་བརྡ་བརྒྱུད་ཀྱི་མཐུན་རྐྱེན་ དཔེ་འབད་བ་ཅིན་ ཝི་ཅེཌ་དང་ ཕེས་བུཀ་ཚུ་ ཕྱིའི་རྒྱལ་ཁབ་ཀྱིས་ བཟོ་ཡོད་མི་ཚུ་ ལག་ལེན་འཐབ་དོ་ཡོདཔ་ལས་ ངོ་རྟགས་རྫུས་མ་བཟོ་སྟེ་ དཀའ་ངལ་བྱུང་བཅུག་མི་ཚུ་གི་དོན་ལུ་ ཞིབ་དཔྱད་དང་ ཞིབ་འཚོལ་འབད་ཐོག་ ཉེས་ཁྲིམས་བཀལ་ཐབས་ལུ་ མཐུན་འབྲེལ་གྱི་ཐོག་ བསྟུན་གྲོས་འབད་དེ་ སྲིད་བྱུས་དང་ ཁྲིམས་བརྩམ་ནི་ཨིན་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ངོ་ཚབ་ ཨྱོན་དབང་འདུས་ཀྱིས་འབད་བ་ཅིན་ ངོ་རྟགས་རྫུས་མ་བཟོ་མི་ཚུ་གིས་ སྲིད་ ཚོགས་ཚུ་གི་བར་ན་ སྟབས་མ་བདེཝ་བཟོ་དོ་ཡོདཔ་མ་ཚད་ མ་འོངས་རྒྱལ་ཁབ་ཀྱི་ རང་དབང་སྲུང་སྐྱོབ་ལུ་ཡང་ གནོད་ཉེན་འབྱུང་སྲིད་ནི་ཨིནམ་ལས་ མི་སྡེ་བརྡ་བརྒྱུད་ཀྱི་ ཁྲིམས་ལུགས་སྒྲིང་སྒྲི་སྦེ་ར་ བརྩམ་དགོཔ་འདུག་ ཟེར་ཨིན་པས།
ངོ་ཚབ་ཀྱིས་འབད་བ་ཅིན་ བཙག་འཐུ་རན་པའི་སྐབས་ མི་སྡེ་བརྡ་བརྒྱུད་ལུ་བརྟེན་ སྲིད་ཚོགས་ཀྱི་བར་ན་ སྟབས་མ་བདེཝ་ལེ་ཤ་བྱུང་བཅུག་དོ་ཡོདཔ་ལས་ མ་འོངས་པ་ལུ་ མི་སྡེའི་བརྡ་བརྒྱུད་དེ་བཙག་འཐུ་ལྷན་ཚོགས་ཀྱིས་ ཟླ་ངོ་༣ དང་༤ གི་རིང་ལུ་ ལག་ལེན་འཐབ་མ་ཆོགཔ་སྦེ་ བཀག་འཛིན་འབད་བ་ཅིན་ ཕན་ཐོགས་འབྱུང་ཚུགས་ པའི་འོས་འབབ་འདུག་ཟེར་ཨིན་པས།
དེ་ཁར་འཛོམས་མི་ མི་སེར་ཚུ་གིས་ ངོ་རྟགས་རྫུས་མ་བཟོ་མི་ཚུ་གིས་ ཕན་གནོད་གཉིས་ཆ་ར་ཡོདཔ་ལས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ ལེགས་བཅོས་བཟོ་དགོཔ་མཐོང་ཡི་ཟེར་ ཨིན་པའི་གནས་ཚུལ།

སྔ་ཚང་རྒེད་འོག་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *