མི་སྡེ་ཁག་དབྱེ་ནི་ལས་ འཛེམ་ དགོ་པའི་ཞུ་བ།

༉ འབྲུག་མཉམ་རུབ་ཚོགས་པ་གིས་ སྤྱི་ཚོགས་༣ པའི་བཙག་འཐུ་ནང་ ཚོགས་པ་ག་ལུ་འབད་རུང་ ཚོགས་རྒྱན་བཙུགས་མི་དང་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ ཁག་དབྱེ་སོང་མི་ཚུ་ ལོག་གཅིག་མཐུན་འབད་དགོ་པའི་ཞུ་བ་ འབྲུག་མི་ཆ་མཉམ་ལུ་ འབད་ཡོདཔ་ཨིན་པས།
དེ་ཡང་ ཚོགས་རྒྱན་གྱི་ཉིནམ་ མཇུག་བསྡུ་ཞིནམ་ལས་ འབྲུག་མཉམ་རུབ་ཚོགས་པ་ལུ་ རྒྱབ་སྐྱོར་པའི་ སྒྲ་བཟུང་ཐོག་ལས་ མི་སྡེ་བརྡ་བརྒྱུད་ ཝི་ཅེཊ་ཐོག་ལས་ དར་ཁྱབ་བཏང་མིའི་ནང་ ཚོགས་པའི་རྒྱབ་སྐྱོར་པ་ ཨམ་སྲུ་ཅིག་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ཚུ་ གཞུང་ལས་རྒྱབ་སྐྱོར་མི་འཐོབ་ཟེར་བའི་ སྐྱོན་བརྗོད་འབད་ཡོདཔ་ཨིན་པས།
གནད་དོན་དེ་ལུ་བརྟེན་ མོ་རའི་ཧོངས་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ བཟོད་གསོལ་འབད་མིའི་ནང་ ད་ལས་ཕར་ དེ་བཟུམ་མའི་གནད་དོན་ཚུ་ མི་འཐོན་ནིའི་དོན་ལུ་ ལཱ་གཅིག་ཁར་འབད་གེ་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ཚུ་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ བཤད་ཡོདཔ་བཞིན་དུ་ འབྲུག་མཉམ་རུབ་ཚོགས་པའི་གཞུང་གིས་ མི་རེ་གཉིས་ཀྱིས་ མི་སེར་དང་ སྲིད་དོན་ནང་ ཁག་དབྱེ་བཏང་མི་ལུ་ བཟོད་གསོལ་མེད་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ བློན་པོའི་ལྷན་རྒྱས་ཀྱི་ མི་ངོམ་དེ་ བདུན་ཕྲག་འདི་ནང་ ཐག་གཅད་ནི་ཨིན་ཟེར་ཨིནམ་ད་ བཙག་འཐུ་དང་འབྲེལ་བའི་ གནད་དོན་རེ་ཡོད་པ་ཅིན་ སྤྱི་ཟླ་༡༡ པའི་ཚེས་༦ གི་ནང་འཁོད་ལུ་ མཐོ་གཏུགས་འབད་དགོཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཕུར་པ་གིས་ སླབ་མིའི་ནང་ བློན་པོའི་མི་ངོམ་གྱི་དོན་ལུ་ ད་རེས་ གྲོས་བསྟུན་མ་འབད་བར་ཡོད་མི་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བློན་ཆེན་གྱི་ མི་ངོམ་གི་བདག་རྐྱེན་ ལྷོད་པའི་ཤུལ་ལས་རྐྱངམ་གཅིག་ འབད་ནི་ཨིན་ཟེར་ ཕུར་པ་གིས་ བཤདཔ་ཨིན་པས།
འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༡༧ པ་དང་འཁྲིལཝ་ད་ འབྲུག་རྒྱལ་པོ་མཆོག་གིས་ རྒྱལ་ཡོངས་ཚོགས་འདུ་ནང་ འདེམས་ཁྲི་མང་ཤོས་ཐོབ་མི་ ཚོགས་པའི་འགོ་ཁྲིདཔ་ ཡང་ན་ དེའི་གདམ་ངོ་དེ་ལུ་ བློན་ཆེན་གྱི་གོ་གནས་ལུ་ བློན་ཆེན་སྦེ་ བདག་རྐྱེན་གནང་ནི་ཨིན་ཟེར་ཨིན་པས།
འབྲུག་རྒྱལ་པོ་མཆོག་གིས་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གི་གྲས་ལས་ བློན་ཆེན་གྱི་ གྲོས་འདེབས་ཐོག་ བློན་པོ་ཚུ་ བསྐོ་བཞག་གནང་ནི་ ཡང་ན་ བློན་ཆེན་གྱིས་ གྲོས་འབུལ་ཐོག་ བློན་པོའི་གོ་གནས་ལས་ བཏོན་གཏང་ནི་ཨིན་ཟེར་ རྩ་ཚན་གྱི་ དོན་ཚན་༣ པའི་ནང་བཀོད་ནུག།
འབྲུག་མཉམ་རུབ་ཚོགས་པའི་ བཀོད་ཁྱབ་ཚོགས་ཆུང་ནང་ གཙོ་འཛིན་དང་ ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ དེ་ལས་ ཚོགས་པ་གཞི་བཙུགས་འབད་མི་ རྟ་མགྲིན་རྡོ་རྗེ་ བསྟན་འཛིན་ལེགས་འཕེལ་ དེ་ལས་ ཀརྨ་རྡོ་རྗེ་ཚུ་ ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *