མི་སེར་ལུ་ རང་སོའི་ཐོབ་དབང་སྤྱོད་ཐངས་ཀྱི་ བརྡ་དོན་ཤེས་ཡོན་སྤྲོད་དགོཔ།

༉ མི་སེར་གྱི་དོན་ལུ་ གཞུང་སྐྱོང་གི་ གནས་རིམ་ཐག་ཉེ་ཤོས་ར་ ས་གནས་གཞུང་འབདཝ་ལས་ དམངས་གཙོའི་བྱ་རིམ་ནང་ ས་གནས་གཞུང་དེ་ གནམ་མེད་ས་མེད་ ཁག་ཆེ་ཤོས་ཅིག་ཨིན།
ས་གནས་གཞུང་ལུ་ དབང་ཚད་ཕྱིར་སྤེལ་གནང་མི་དེ་ མི་སེར་ཚུ་ ཐག་བཅད་ཀྱི་ བྱ་རིམ་ནང་ བཅའ་མར་གཏོགས་བཅུག་ནི་དང་ རང་གིས་སྦེ་ འཛིན་སྐྱོང་འཐབ་ཚུགསཔ་ བཟོ་ནི་དེ་ ཡར་དྲག་གཏང་ཐབས་ལུ་ཨིནམ་ལས་ སྲིད་དོན་དང་ འབྲེལ་བ་མེདཔ་ གནས་ཐབས་ལུ་ཨིན་མས།
འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢༢ པའི་དགོངས་དོན་དང་འཁྲིལཝ་ད་ མི་སེར་རང་སོའི་མི་སྡེ་དང་ དཔལ་འབྱོར་ མཐའ་འཁོར་གྱི་ བདེ་འབྱོར་གོང་འཕེལ་དང་ འཛིན་སྐྱོང་ནང་ ཐད་ཀར་གྲལ་གཏོགས་ཀྱི་ ཕན་གྲོགས་ལུ་ བཙག་འཐུ་གྲུབ་པའི་ ས་གནས་ཀྱི་ གཞུང་ཚུ་ལུ་ དབང་ཚད་དང་ དབང་འཛིན་ཕྱིར་སྤེལ་འབད་ཡོདཔ་ཨིན།
ས་གནས་གཞུང་ གཞི་བཙུགས་འབད་མི་དེ་ཡང་ ས་གནས་ཀྱི་ མི་སྡེའི་དོན་ལུ་ དམངས་གཙོ་དང་འཁྲི་འགན་ཅན་གྱི་ གཞུང་ལུགས་བཙུགས་ནི་དང་ མི་སེར་ཞབས་ཏོག་བྱིན་ནི་ཚུ་ ཡུན་བརྟན་རྣམ་གཞག་གི་ཐོག་ལས་ ངེས་བརྟན་བཟོ་ནི་ ས་གནས་ཀྱི་ གཞུང་སྐྱོང་གནད་དོན་ཚུ་ནང་ མི་སྡེ་དང་མི་སྡེའི་ལས་ཚོགས་ཚུ་ འབྲེལ་གཏོགས་ཀྱི་ བློ་བསྐུལ་འབད་ཐབས་ལུ་ཨིན་མས།
འདི་འབདཝ་ལས་ ས་གནས་གཞུང་འདི་ མི་སེར་གྱི་ གནས་རིམ་ལས་ འགོ་བཙུགསཔ་ཨིན་རུང་ མི་སེར་དང་ ཐག་ཉེ་ཤོས་ཅིག་ གྱུར་བའི་བསྒང་ལས་ གདོང་ལེན་འབྱུང་ཉེན་ཡོདཔ་ད་ ག་འཆརཔ་ཟེར་བ་ཅིན་ བཙག་འཐུ་གྲུབ་མི་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ལུ་ བདག་སྐྱོང་དང་འབྲེལ་བའི་ འགན་ཁུར་འབག་དགོཔ་ ཡོདཔ་བཞིན་དུ་ གལ་སྲིད་ འཐུས་ཤོར་རེ་བྱུང་རུང་ དེ་དང་བསྟུན་པའི་ འགན་འཁྲི་འབག་དགོཔ་ཨིན།
དཔེར་ན་ སྤྱི་ཟླ་༣ པའི་ཚེས་༡༥ ལུ་ རྩི་རང་རྫོང་ཁག་གི་ བཙག་འཐུ་ཉོགས་སེལ་ཚོགས་ཆུང་གིས་ མཚོ་གླིང་མཁར་རྒཔོ་གི་ ཁ་ཐུག་ལས་ རྒྱལ་ཡོངས་ཚོགས་སྡེའི་ མི་ངོམ་ཅིག་ལུ་ རྒྱབ་སྐྱོར་འབད་བའི་ དོགས་གཞི་བྱིན་པའི་ གནད་ལུ་བརྟེན་ ཉེས་བྱ་དངུལ་ཀྲམ་༣,༧༥༠ བཀལ་མི་དེ་ མིག་དཔེ་ཅིག་ཨིན་མས།
བཙག་འཐུའི་བྱ་རིམ་ འགོ་འདྲེན་འཐབ་མི་དེ་ མི་སེར་ཚུ་ལུ་ གྲལ་གཏོགས་འབད་བཅུག་སྟེ་ རང་མོས་དང་ རྣམ་དག་ཐོག་ བཙག་འཐུ་འབད་ནིའི་དོན་ལུ་ཨིནམ་ད་ རྩི་རང་གི་ རྩོད་དོན་ཐད་ལུ་ རྒཔོ་དེ་གིས་ ནང་གསུག་དགོཔ་སྦེ་ སླབ་མི་དང་ གདམ་ངོ་གདམ་འཐུའི་གྲུབ་འབྲས་ལུ་ ཁྱད་པར་བཟོ་ནི་གི་ རྒྱུད་བསྐུལ་འབད་བའི་ ཁ་ཉེས་བཀལ་ནུག།
མ་གཞི་ འདི་བཟུམ་མའི་ ཁ་ཉེས་བཀལ་མི་ཚུ་ གཞི་ཁུངས་མེདཔ་ མཐོང་ཡོད་རུང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ དབང་ཤུགས་ཡོད་མི་ལུ་བརྟེན་ ཆ་རོགས་ཀྱི་ འདུ་ཤེས་ཡོད་མི་ལུ་བརྟེན་ བསླབ་བྱ་བྱིན་མི་དེ་ཡང་ རྒྱབ་སྐྱོར་འབད་བའི་ གཞི་ཁུངས་གྲངས་སུ་ བརྩི་འཇོག་འབད་ནི་གི་ འོས་འབབ་སྦོམ་འདུག།
མི་སྡེའི་གནས་རིམ་ནང་ ལས་སྣ་དང་ བྱ་རིམ་ག་ཅི་ར་ འགོ་འདྲེན་འཐབ་རུང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ གྲལ་གཏོགས་འབད་དགོཔ་བཞིན་དུ་ གདམ་ངོའི་འཛོམས་འདུ་བཟུམ་འབད་བ་ཅིན་ དེ་གི་སྐོར་ལས་ མི་མང་ལུ་ གོ་བརྡ་སྤྲོད་ནི་དང་ བཙག་འཐུའི་བྱ་རིམ་ མཐར་འཁྱོལ་ཅན་སྦེ་ བཟོ་ནི་གི་ འགན་ཁུར་ཡང་ ཁོང་ལུ་ཕོག་སྟེ་ཡོདཔ་ཨིན།
འདི་བཟུམ་འབྲེལ་འཛིན་འབདཝ་ད་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ འདེམས་ངོ་གང་རུང་ཅིག་ལུ་ རྒྱབ་སྐྱོར་འབད་དོ་བཟུམ་མའི་ ཚོར་སྣང་དང་ མཐོང་སྣང་འབྱུང་ནི་དང་ གལ་སྲིད་ འདེམས་ངོ་དེ་ ཉེ་ཚན་དང་ ཡང་ཅིན་ བཟའ་ཚང་གི་ འཐུས་མི་ཅིག་འབད་བ་ཅིན་ ལྷག་པར་དུ་ སྟབས་མ་བདེ་ཁག་ཁ་འབྱུང་འོང་། འདི་བཟུམ་མའི་ གནས་སྟངས་ནང་ སྲིད་དོན་དང་ འབྲེལ་བ་མེད་མི་ ས་གནས་གཞུང་གི་ འགོ་ཁྲིདཔ་དེ་གིས་ ཁེ་ཕན་ལྟག་སྤྲོད་ཡོད་པའི་ གསལ་བསྒྲགས་འབད་ནི་ཡོདཔ་ཨིན་ན་ ཡང་ཅིན་ ས་གནས་གཞུང་གི་ འགན་ཁུར་སྣང་མེད་བསྐྱུར་ཏེ་ བཞག་ནི་ཨིན་ན?
བཙག་འཐུའི་འགོ་དཔོན་ཚུ་གིས་ བཙག་འཐུའི་བྱ་རིམ་སྐབས་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ལུ་ ཁོང་རའི་ལཱ་དང་འགན་ཁུར་ དེ་ལས་ ཁོང་གི་བརྩོན་ཤུགས་ཚུ་ རྒྱབ་སྐྱོར་གྲངས་སུ་ ག་དེ་སྦེ་ ཚུད་ཉེན་ཡོདཔ་ཨིན་ནའི་སྐོར་ དྲན་གསོ་འབད་ནི་དེ་གལ་ཆེ།
འདི་བཟུམ་སྦེ་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ཚོགས་རྒྱན་འཕྲུལ་ཆས་ག་ཏེ་ལུ་ ཨེབ་དགོཔ་ཨིན་ན་རྐྱངམ་གཅིག་གི་སྐོར་ལས་མེན་པར་ ཁོང་རའི་ཐོབ་དབང་ སྤྱོད་ཐངས་དང་ ཁོང་གི་འཐུས་ཚབ་ གདམ་ཁ་རྐྱབ་ཐངས་སྐོར་ལས་ བརྡ་དོན་ཤེས་ཡོན་སྤྲོད་དགོཔ་འདུག།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *