ནུབ་སྦིས་-སྟང་སི་སྦྱིས་ཀྱི་འདེམས་ངོ་ ཕུན་ཚོགས་དོན་གྲུབ་དང་ ཁམས་དྭངས་-རམ་འཇར་གྱི་འདེམས་ངོ་ སྐལ་བཟང་དབང་འདུས་ ཆོས་འཁོར་-སྟང་གི་འདེམས་ངོ་ ཀུན་བཟང་འཕྲིན་ལས།

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་གསརཔ་༣ ངོ་སྤྲོད་འབད་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༢༣ ལུ་ མི་སེར་དམངས་གཙོ་ཚོགས་པ་གིས་ འབྲུག་ཚོགས་དང་ བཟོ་གྲྭ་ཚོགས་སྡེའི་ འགོ་དཔོན་གོངམ་དང་ དངུལ་ཁང་འགོ་འཛིན་ དེ་ལས་ ཚོང་འབྲེལ་པ་བརྩིས་ཏེ་ འདེམས་ངོ་གསརཔ་༣ གསལ་བསྒྲགས་འབད་ནུག།

ཚོགས་པ་གིས་ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་དོན་ལུ་ ད་ཚུན་གྱི་བར་ན་ འདེམས་ངོ་གསརཔ་༢༧ ངོ་སྤྲོད་འབད་ནུག།

འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་འོགམ་བགྲེསཔ སྐྱེས་ལོ་༥༠ ལང་མི་ སྐལ་བཟང་དབང་འདུས་དེ་ བཀྲིས་གཡང་རྩེ་ ཁམས་དྭངས་-རམ་འཇར་འདེམས་ཁོངས་ཀྱི་འཐུས་མི་ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་ བསོད་ནམས་དོན་གྲུབ་རྡོ་རྗེ་གི་ཚབ་སྦེ་ བཙུགས་ཡོདཔ་ཨིན་པས།

ཁོ་གིས་ འབྲུག་བཟོ་གྲྭ་ཚོགས་སྡེའི་ ལུང་ཕྱོགས་དྲུང་ཆེན་དང་ སྒེར་སྡེ་གོང་འཕེལ་ཚོགས་ཆུང་གི་དྲུང་ཆེན་ འབྲུག་སོ་ནམ་ཐོན་སྐྱེད་བཟོ་གྲྭ་འཕྲུལ་ཁང་གི་ བཀོད་ཚོགས་མདོ་ཆེན་ དེ་ལས་ རེཊ་ཀོ་རོས་མི་སྡེའི་ ནང་འཁོད་འཐུས་མི་ལ་སོགས་པའི་ འགན་འཁྲི་འབག་པའི་ ལོ་༢༤ གི་ཉམས་མྱོང་ཡོདཔ་ཨིན་པས།

སྐལ་བཟང་དབང་འདུས་ལུ་ ཚོང་དང་བཟོ་གྲྭའི་མཐོ་རིམ་སློབ་གྲྭ་ལས་ ཚོང་འབྲེལ་བདག་སྐྱོང་ནང་ གཙུག་ལག་གི་ཤེས་ཚད་ཡོདཔ་ཨིན་པས།

དེ་ལས་ ཚོགས་པ་གིས་ འདེམས་ཁོངས་༢ ནང་ རྒྱལ་ཁ་ཐོབ་མ་ཚུགས་མི་ འདེམས་ངོ་ཚུ་ ངོ་སྤྲོད་འབད་ཡོད་མི་དེ་ཡང་ སྐྱེས་ལོ་༣༣ ལང་མི་ ཕུན་ཚོགས་དོན་གྲུབ་ཀྱིས་ ཀྲོང་གསར་ནུབ་སྦྱིས་-སྟང་སི་སྦྱིས་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིན་པས།

ཁོ་གིས་ བྷུ་ཊཱན་གྱིབ་ཆས་ལས་སྡེའི་ བདག་སྐྱོང་འགོ་དཔོན་དང་ ནུབ་ཕྱོགས་ལུང་ཕྱོགས་ཀྱི་ འབྲུག་གོང་འཕེལ་དངུལ་ཁང་གི་ ལས་འགུལ་འགོ་དཔོན་ དེ་ལས་ ཀྲོང་གསར་ལུ་ འབྲུག་གོང་འཕེལ་དངུལ་གི་ ཡན་ལག་འཛིན་སྐྱོང་ཞིབ་རོགས་སྦེ་ ལཱ་འབད་ཡོདཔ་ཨིན་པས།

ཕུན་ཚོགས་དོན་གྲུབ་ལུ་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་ལས་ དམིགས་བསལ་དུ་ དངུལ་འབྲེལ་ཆོས་ཚན་ནང་ མཐོ་རིམ་ཤེས་ཚད་ཡོདཔ་ཨིན་པས།

དེ་ལས་ བུམ་ཐང་ཆོས་འཁོར་-སྟང༌འདེམས་ཁོངས་ཀྱི་ འདེམས་ངོ་དེ་ སྐྱེས་ལོ་༣༤ ལང་མི་ སྐལ་བཟང་འཕྲིན་ལས་ཨིནམ་ད་ ཁོ་གིས་ སྤྱི་ལོ་༢༠༡༣ ལུ་ཡང་ ཚོགས་པའི་འདེམས་ངོ་སྦེ་ བཅའ་མར་གཏོགས་ནུག།

བུམ་ཐང་ལུ་ ཚོང་འབྲེལ་འཐབ་སྡོད་མི་ཅིག་ཨིན་མི་ སྐལ་བཟང་འཕྲིན་ལས་ཀྱིས་ ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་རྒྱ་མཚོ་དང་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་ལུ་ རྒྱ་གར་བེང་ལོར་གཙུག་ལག་སློབ་སྡེ་ལས་ ཚོང་འབྲེལ་འཛིན་སྐྱོང་ནང་ མཐོ་རིམ་ཤེས་ཚད་ཡོདཔ་ཨིན་པས།

ཚོགས་པའི་གནས་ཚུལ་གསར་བཏོན་ནང་ འདེམས་ངོ་ག་ར་ ཚོང་འབྲེལ་དང་ སྒེར་སྡེ་ དེ་ལས་ དངུལ་འབྲེལ་ལས་སྡེ་ཚུ་ནང་ ཉམས་མྱོང་ཡོད་མི་ཡོདཔ་ལས་ དེ་གིས་ རྒྱལ༌ཁབ༌ནང༌ སྒེར་སྡེ་གོང་འཕེལ་གཏང༌ནི༌དང༌ དངུལ༌འབྲེལ༌ དང༌བའི༌ གནད༌དོན༌ཚུ༌ལུ༌ ལྷན༌ ཐབས༌འབྱུང༌ཚུགས་ཟེར་ བཀོད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *