༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ད་ལྟོ་ རྒྱལ་ཡོངས་ཚོགས་འདུའི་ནང་ ཕྱག་ཞུ་བའི་བསྒང་ཡོད་མི་ འཐུས་མི་༣ གྱི་ཚབ་སྦེ་ འདེམས་ངོ་གསརཔ་ ངོ་སྤྲོད་འབད་ཡོདཔ་བཞིན་དུ་ ད་ཚུན་གྱི་བར་ན་ ཚོགས་པ་གིས་ འདེམས་ངོ་གསརཔ་༢༤ གསལ་བསྒྲགས་འབད་ནུག།
བུམ་ཐང་ཆུ་སྨད་-ཨུ་ར་འདེམས་ཁོངས་ཀྱི་འཐུས་མི་ ཚེ་དབང་འགྱུར་མེད་ཀྱི་ཚབ་ལུ་ ཀྲོང་གསར་རྫོང་བདག་བགྲེསཔ་ བསོད་ནམས་རིན་ཆེན་བཙུགས་ཡོདཔ་ད་ ཁོ་གིས་ ལས་གཡོག་ལྷན་ཁག་ ལས་མི་གནས་ཚད་ལས་ཁུངས་ནང་ མདོ་ཆེན་སྦེ་ ཕྱག་ཞུ་མི་བརྩིས་ཏེ་ ལོ་༣༣ གྱི་རིང་ ཕྱག་ཞུ་བའི་ ཉམས་མྱོང་ཡོདཔ་ཨིན་པས།
སྐྱེས་ལོ་༥༩ ལང་མི་ལུ་ ཡུ་ཨེསི་ཨེ་ལས་ མི་མང་བདག་སྐྱོང་ནང་ མཐོ་རིམ་ཤེས་ཚད་ཡོདཔ་ད་ ཁོ་གིས་ སྲིད་དོན་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཞི་གཡོག་ལས་ དགོངས་ཞུ་འབད་ནུག།
གཞལམ་སྒང་གི་རྫོང་བདག་བགྲེསཔ་ ཧར་ཀ་སིང་ ཏ་མང་གིས་ ད་ལྟོའི་འཐུས་མི་ གོ་པཱལ་གུ་རུང་གི་ཚབ་སྦེ་ གསར་སྤང་དགེ་ལེགས་ཕུག་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་གིས་ ཞི་གཡོག་ནང་ ལོ་༣༤ དེ་ཅིག་ ཕྱག་ཞུ་ཡོདཔ་ཨིན་པས།
ཁོ་ལུ་ རྒྱ་གར་ཅཱན་དི་གར་ལས་ ཁྲོམ་གྱི་ས་ཆ་རིག་པའི་ནང་ མཐོ་རིམ་ཤེས་ཚད་ཡོདཔ་ད་ ཁོ་གིས་ ཞི་གཡོག་ནང་ ཕྱག་ཞུ་བའི་སྐབས་ དགེ་ལེགས་ཕུག་ཁྲོམ་སྡེའི་ དྲུང་ཆེན་དང་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ མཉམ་འབྲེལ་མདོ་ཆེན་འབད་ནུག།
ཚོགས་པའི་གཙོ་འཛིན་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ བཤད་མིའི་ནང་ གོ་པཱལ་གུ་རུང་དེ་ཡང་ སྒེར་གྱི་གནད་དོན་ལུ་བརྟེན་ དགོངས་ཞུ་འབད་ནི་སྦེ་ སླབ་མི་དང་འཁྲིལ་ ད་རེས་ འདེམས་ངོ་གསརཔ་ ངོ་སྤྲོད་འབད་དོ་ཟེར་ཨིན་པས།
རྩི་རང་དཀྱིལ་འཁོར་ཐང་-མནྡལ་སྒང་འདེམས་ཁོངས་ཀྱི་ འདེམས་ངོ་གསརཔ་དེ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ ཀ་མཱལ་བྷ་དུར་ གུ་རུང་ཨིནམ་ད་ ཁོ་གིས་ ད་ལྟོའི་འཐུས་མི་ ཡོ་གིཤ་ ཏ་མང་གི་ཚབ་སྦེ་ དོ་འགྲན་འབད་ནི་ཨིན་པས།
སྐྱེས་ལོ་༥༡ ལང་མི་ ཀ་མཱལ་བྷ་དུར་ གུ་རུང་གིས་ སྤྱི་ལོ་༢༠༡༣-༡༨ ཚུན་ རྩི་རང་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ ཕྱག་ཞུ་ཡོདཔ་ད་ དེ་གི་ཧེ་མ་ ཞི་གཡོག་དང་ ལས་འཛིན་ནང་ ལོ་༢༤ དེ་ཅིག་ ལཱ་འབད་བའི་ ཉམས་མྱོང་ཡོདཔ་ཨིན་པས།
ཁོ་གིས་ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ཡང་ བཅའ་མར་གཏོགས་ཡོད་རུང་ གདམ་ངོ་འཛོམས་འདུ་ནང་ལས་ མཐར་འཁྱོལ་མ་ཚུགས་པས།
ཁོ་ལུ་ ཐའི་ལེནཊ་ལས་ གློག་ཤུགས་ནང་ མཐོ་རིམ་གོང་མའི་ཤེས་ཚད་ཡོདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ བརྡ་བརྒྱུད་ནང་ ལཱ་འབད་མི་ཚུ་གིས་ སླབ་མིའི་ནང་ ད་ཚུན་ ད་ལྟོ་ ཕྱག་ཞུ་བའི་བསྒང་གི་འཐུས་མི་༡༢ ཀྱི་ཚབ་ཚུ་ ངོ་སྤྲོད་འབད་ཚར་ཏེ་ཡོདཔ་ལས་ ད་རུང་ ཚོགས་པ་གིས་ འདེམས་ངོ་དག་པ་ཅིག་ ཚབ་བཙུགས་ནིའི་ འཆར་གཞི་འདུག་ཟེར་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།