༉ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ ཁ་ཙ་ ཐིམ་ཕུག་ལུ་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འདེམས་ཁོངས་༧ གྱི་ འདེམས་ངོ་ཚུ་ ངོ་སྤྲོད་གནང་ཡི།
དེ་ཡང་ ས་གནས་གཞུང་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་བགྲེསཔ་ ལུང་བསྟན་རྡོ་རྗེ་གིས་ གཞལམ་སྒང་ པཱན་སྦང་ལས་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་ལུ་ ལོ་ངོ་༢༧ གྱི་ ཞི་གཡོག་ནང་ ཕྱག་ཞུ་བའི་ ཉམས་མྱོང་ཡོད་པའི་ཁར་ ཀྲོང་གསར་དང་ བཀྲིས་སྒང་རྫོང་བདག་སྦེ་ཡང་ ལོ་༡༠ དེ་ཅིག་ ཕྱག་ཞུ་ནུག།
མི་སེར་དམངས་གཙོ་ཚོགས་པ་གིས་ མོང་སྒར་རྫོང་ཁག་ནང་ འདེམས་ཁོངས་༢ ཀྱི་ འདེམས་ངོ་ཚུ་ཡང་ ངོ་སྤྲོད་འབད་ཡོདཔ་ད་ ད་ལྟོ་ཚུན་གྱི་བར་ན་ འདེམས་ཁོངས་དེ་གཉིས་ལས་ ཚོགས་པ་དེ་གིས་ འདས་པའི་བཙག་འཐུ་ཐེངས་གཉིས་ འགོ་འདྲེན་འཐབ་པའི་སྐབས་ རྒྱལ་ཁ་ཚར་ཅིག་ཡང་ ཐོབ་མ་ཚུགསཔ་ཨིན་པས།
དེ་ཡང་ སྐྱེས་ལོ་༤༤ ལང་མི་ པི་ཨེཆ་ཌི་ཤེས་ཚད་འཆང་མི་ སྟོབས་རྒྱས་ཀྱིས་ མོང་སྒར་དགྲ་མེད་རྩེ་-སྔ་ཚང་འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ ངོ་སྤྲོད་འབད་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་བགྲེསཔ་ བསོད་ནམས་དཔལ་འབྱོར་གྱིས་ སྐྱེངས་མཁར་-ཝེ་རིང་ལ་གི་ འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིན་པས།
སྟོབས་རྒྱས་ཀྱིས་ བསྟན་རྒྱས་ལྷན་ཁག་ ས་གཏེར་ལས་ཁུངས་ནང་ ས་གཏེར་མཁས་མཆོག་གོངམ་སྦེ་ ལོ་༡༣ དེ་ཅིག་ ལཱ་འབད་བའི་ཤུལ་ལུ་ ས་གཏེར་གྲོས་སྟོན་པ་སྦེ་ ལཱ་འབད་ཡོདཔ་ཨིན་པས།
བསོད་ནམས་དཔལ་འབྱོར་གྱིས་ འབྲུག་རྒྱལ་ཡོངས་དངུལ་ཁང་ནང་ གོ་གནས་སོ་སོའི་ནང་ འགོ་འཛིན་པ་དང་ དངུལ་ཁང་གི་ བཀོད་ཁྱབ་འགོ་དཔོན་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོདཔ་བཞིན་དུ་ ཁོ་གིས་ སྤྱི་ལོ་༢༠༠༨-༡༣ ཚུན་ འབྲུག་ཕུན་ཚོགས་པའི་འཐུས་མི་སྦེ་ ཕྱག་ཞུ་ནུག།
རྒྱལ་ཡོངས་དཔེ་མཛོད་དང་ གཏན་མཛོད་ཀྱི་ ཡོངས་ཁྱབ་མདོ་ཆེན་བགྲེསཔ་ རྡོ་རྗེ་ནོར་བུ་དེ་ པདྨ་དགའ་ཚལ་ ངང་ལམ་འདེམས་ཁོངས་ཀྱི་ འདེམས་ངོ་ཨིནམ་ད་ ཁོ་གིས་ ས་གནས་གཞུང་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་དང་ བཀྲིས་གཡང་རྩེ་དང་ བཀྲིས་སྒང་གི་ རྫོང་བདག་སྦེ་ཡང་ ཕྱག་ཞུ་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ཇོ་མོ་གཙང་ཁ་-མར་ཚ་ལ་འདེམས་ཁོངས་ཀྱི་འཐུས་མི་ དཔལ་བཟང་དབང་ཕྱུག་གི་ཚབ་དེ་ ཌོག་ཊར་བློ་བཟང་རྡོ་རྗེ་ཨིནམ་ད་ ཁོ་ལུ་ གཞུང་དང་ སྒེར་སྡེ་ དེ་ལས་ རྒྱལ་སྤྱི་ལས་སྡེ་ནང་ ལཱ་འབད་ཡོད་པའི་ ཉམས་མྱོང་འདུག།
ཌོག་ཊར་བློ་བཟང་རྡོ་རྗེ་གིས་ སྤུ་ན་ཁ་དང་ རྩི་རང་རྫོང་ཁག་གི་ གསོ་བའི་འགོ་དཔོན་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ དགེ་ལེགས་ཕུག་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ སྡེ་འཛིན་སྦེ་ཡང་ སྡོད་ཡོདཔ་ད་ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་ འཐུས་མི་དཔལ་བཟང་དབང་ཕྱུག་དེ་ ཁས་བླངས་ཐོག་ལས་ དགོངས་ཞུ་འབད་ནི་ཨིན་པས།
འབྲུག་གི་བཟོ་སྐྲུན་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་བགྲེསཔ་ དབང་འདུས་རྒྱལ་མཚན་གྱིས་ བདེ་བ་ཐང་-སྒོམ་དར་འདེམས་ངོ་གི་འཐུས་མི་ མིང་པོ་འབྲུག་པ་གི་ཚབ་སྦེ་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་ལུ་ ཁྲོམ་སྡེ་འཆར་གཞི་བཟོ་ནིའི་ནང་ ཉམས་མྱོང་ཡོདཔ་བཞིན་དུ་ ཁོ་གིས་ རྒྱལ་ཡོངས་ལས་འགུལ་ མང་རབས་ཅིག་ནང་ ལཱ་འབད་ཡོདཔ་ཨིན་པས།
ཚོགས་པའི་འཐུས་མི་ མིང་པོ་འབྲུག་པ་དེ་ ལོ་གྲངས་ཚང་མི་ལུ་བརྟེན་ བཅའ་མར་གཏོགས་མི་ཆོག་ནི་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་ སྐྱེས་ལོ་༤༢ ལང་མི་ ནགས་ཚལ་མེ་རྐྱེན་འཛིན་སྐྱོང་སྡེ་ཚན་གྱི་འགོ་དཔོན་བགྲེསཔ་ རྟ་མགྲིན་རྡོ་རྗེ་དེ་ ལྷོ་ཐིམ་ཕུག་འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ ངོ་སྤྲོད་འབད་ཡོདཔ་ད་ ཁོ་གིས་ ཞི་གཡོགཔ་ནང་ སྡོད་པའི་སྐབས་ ལས་འགུལ་གྲོགས་རམ་ཆུང་བའི་ ལས་འགུལ་འཛིན་སྐྱོང་པ་སྦེ་ ལཱ་འབད་ཡོདཔ་མ་ཚད་ རྐྱེན་ངན་འཛིན་སྐྱོང་ནང་ཡང་ ལཱ་འབད་བའི་ ཉམས་མྱོང་ཡོདཔ་ཨིན་པས།
ཚོགས་པའི་གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ འདེམས་ངོ་ཚུ་ ལྕོགས་གྲུབ་ཅན་དང་ ཤེས་ཡོན་ཅན་ འགོ་ཁྲིད་པའི་ ཁྱད་རིག་ཡོད་མི་ལུ་བརྟེན་ ཚོགས་པ་དེ་ ལྷག་པར་དུ་ སྒྲིང་སྒྲི་བཟོ་སྟེ་ཡོད་ཟེར་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།